ཟླ་11ཚེས་1ཉིན་དཔེ་སྐྲུན་བྱས་པའི་2022ལོའི《ཏང་འཛུགས་སྐྱོང》དུས་དེབ་འདོན་ཐེངས་11པའི་ཐོག་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཚན་བཀོད་རྩོམ་ཡིག《ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས》ཞེས་པ་བཀོད་ཡོད།
གསུང་རྩོམ་ནང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་སྙན་སྒྲོན་གལ་ཆེན་གནང་ནས། ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་རིང་འཕྲད་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་ངང་རྒྱས་བཤད་གནང་བ་དང་། རྩོམ་ཡིག་ཧྲིལ་པོའི་ནང་རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁྱབ་སྟེ། མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་འོད་ཟེར་འཕྲོ་བ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་པའི་བློ་སྟོབས་བརྟན་པོ་མངོན་ཡོད་ལ། ལོ་ངོ་བརྒྱའི་ཏང་ཆེན་པོ་ཞིག་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཇུས་ངེས་ཤུགས་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་ཕུགས་འདུན་རླབས་པོ་ཆེ་མངོན་ཡོད། དེ་ནི་རང་རེའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཡིན་པ་དང་། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་བསམ་བློའི་ངོས་འཛིན་གཅིག་གྱུར་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པར་ལོ་རྒྱུས་ཀྱི་དོན་སྙིང་དང་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པས། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་སྐུལ་ལྕག་ཆེན་པོ་ཐེབས་ཏེ་མཐུན་སྒྲིལ་འབད་འཐབ་ཀྱི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ངེས་རེད།
གསུང་རྩོམ་ནང་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་བཅུ་ནི་སྤྱིར་བཏང་གཏན་ནས་མིན། ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་དང་ཉེན་ཁ་ཆེ་བའི་འགྲན་སློང་མང་པོའི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཐབ་ཇུས་ཀྱི་རང་འགུལ་དབང་ཆ་དམ་པོར་བཟུང་ནས་ཁྱོན་ཡོངས་ལ་གཅིག་འདོམས་དང་ཐབས་བཟང་ཇུས་བཟང་བཏིང་བ་དང་། འཐབ་ཇུས་ཀྱི་རང་བཞིན་ལྡན་པའི་བྱེད་ཐབས་རབ་དང་རིམ་པ་སྤྱད་པ། འཕོ་འགྱུར་རང་བཞིན་གྱི་ལག་ལེན་རབ་དང་རིམ་པར་སྐུལ་འདེད་བཏང་བ། ཚད་བརྒལ་རང་བཞིན་གྱི་འཕེལ་རིམ་རབ་དང་རིམ་པ་མངོན་འགྱུར་བྱུང་བ། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་པ། དུས་ཡུན་རིང་པོར་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་བསལ་བ། ཕུགས་དང་འབྲེལ་བ་ཡོད་པའི་དོན་ཆེན་དང་དོན་དག་གལ་ཆེན་མང་པོ་བསྒྲུབས་པ། རྩ་བའི་ཐོག་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་པར་འགན་ལེན་བྱས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སྐྱོད་པར་ཁྲིད་སྟོན་བྱས་པ་བཅས་རེད།
གསུང་རྩོམ་ནང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བདེན་དོན་གྱི་སྟོབས་ཤུགས་ལས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མྱོང་ཚོར་ཟབ་ཤོས་བྱུང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། དུས་བབ་དང་ལས་འགན་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བར་སྟངས་འཛིན་དང་། བོད་ཀྱི་ལས་དོན་གྱི་ཆོས་ཉིད་རང་བཞིན་ལ་ཕྱོགས་ཡོངས་ནས་ངོས་འཛིན་གཏིང་ཟབ། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་བོད་སྐྱོང་བོད་བརྟན་དང་བོད་དར་གྱི་ལེགས་གྲུབ་ལྡན་པའི་ཉམས་མྱོང་ལ་ཕྱོགས་སྡོམ། མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་བས། ང་ཚོས་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་གནང་ནས་གྲུབ་འབྲས་རླབས་པོ་ཆེ་གསར་པ་ཟམ་མི་ཆད་པར་ཐོབ་སྟེ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་སྣེ་ཁྲིད་ནུས་པ་དང་ལག་ལེན་གྱི་ཁྲིད་སྟོན་ནུས་པ་མངོན་ཡོད།
གསུང་རྩོམ་ནང་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྱུང་འགྱུར་ལོ་5ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་འགོ་ཚུགས་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པ་དང་། ལོ་5ཡི་འཕེལ་རྒྱས་ཡག་པོ་ཡོང་བ་བྱ་རྒྱུ་དེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་གལ་འགངས་ཤིན་ཏུ་ཆེ་ཞེས་གསུངས་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། འབྱུང་འགྱུར་ལོ་5ཡི་འཐབ་ཇུས་ཀྱི་ལས་འགན་དང་བྱེད་ཐབས་གལ་ཆེན་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་ཟམ་མི་ཆད་པར་འཚོལ་ཞིབ། དོ་མི་སྙོམས་པ་དང་གང་ལེགས་མ་བྱུང་བའི་འཕེལ་རྒྱས་ཀྱི་གནད་དོན་ལ་དམ་པོར་དམིགས་པ། ཞན་ཆ་སེལ་བ་དང་། རྨང་གཞི་བརྟན་གཏོང་། ལེགས་ཆ་དར་སྤེལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་བོད་ཀྱི་ལེའུ་ཡག་པོ་རྩོམ་དགོས།