དབུ་ཤོག>ཆེད་སྒྲིག
  • གངས་ལྗོངས་ས་མཐོར་སྐྱིད་པའི་འབྲོག་གླུ་སྙན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-11

    བོད་ཀྱི་འཕེལ་རྒྱས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་རེ་ཟབ་མོ་མཚོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་ཐད་ཐབས་འགོད་ཇུས་འདོན་དང་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ཡོད། 2021ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅིས་བོད་ལ་རྟོག་ཞིབ་གནང་རིང་བོད་ལ་འཕེལ་རྒྱས་ཀྱི་ལས་འགན་གསར་པ་བཀོད་སྒྲིག་གནང་བ་དང“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱེད་དགོས”པའི་ནན་བཤད་གནང་བ་རེད།

    དབྱར་སྟོན་གྱི་འབྲེལ་མཚམས་སུ་ང་ཚོས་བོད་དུ་བརྟག་ཞིབ་བྱེད་འགོ་བཙུགས་ཡོད། ལམ་བར་དུ་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་དང་ལོ་ལེགས་འཆམ་མཐུན་གྱི་རྣམ་པ་དང“ཤིན་ཏུ་མྱུར་བའི”འཕེལ་རྒྱས་ཀྱི་རྣམ་པ་མཐོང་རྒྱུ་འདུག་ལ། “དུས་ཚོད་ཀྱིས་མི་མི་སྒུག་པའི”ཡར་བརྩོན་གྱི་གཟུགས་བརྙན་ཡང་མཐོང་རྒྱུ་འདུག

    ང་ཚོར་མྱོང་ཚོར་ཟབ་མོ་ཞིག་བྱུང་བ་སྟེ། ད་ཆའི་བོད་དུ་དབུལ་སྒྲོལ་ཐུབ་པ་དང་འབྱོར་འབྲིང་མངོན་འགྱུར་བྱེད་པའི་སྤྲོ་བ་རབ་ཏུ་འཕེལ་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་མགྱོགས་མྱུར་མདུན་སྐྱོད་བྱེད་བཞིན་ཡོད། གངས་ལྗོངས་ཀྱི་བུ་ཕྲུག་ཚོས་རྟ་ཕོ་ལྕག་གིས་སྐུལ་བ་དང་འབད་བརྩོན་ཆེན་པོས་ཕུགས་འདུན་དོན་གཉེར་བྱས་ཏེ“དོན་ཆེན་བཞི”དོན་འཁྱོལ་ནུས་ལྡན་དང་གཡུར་ཟའི་གྲུབ་འབྲས་ཐོབ་ནས། བདེ་སྐྱིད་འཚོ་བའི་བཀྲག་མདངས་རབ་ཏུ་འཚེར་བ་དང་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད།

    མི་རིགས་ཁག་བློ་སེམས་གཅིག་མཐུན་དང་ཁྱིམ་གཞིས་བརྟན་ལྷིང་ཡིན་པ།

    གོང་དཀར་གནམ་ཐང་ནས་ཐོན་མ་ཐག་ཁ་ལོ་བ་དང་ལམ་སྣེ་འཁྲིད་མཁན་གཅིག་ལྕོགས་ཡིན་པའི་ལོ་60ལྷག་ཙམ་ལ་སླེབས་པའི་ཕུར་བུ་ལགས་ཀྱིས་སེམས་རྩ་འཁོལ་པོས་ང་ཚོར་བསུ་བ་ཞུས་པ་དང་རྡོག་ཁྲེས་བླུག་རོགས་བྱས་ནས་ལྷ་སའི་ཕྱོགས་སུ་བསྐྱོད།

    མཐོང་རྒྱ་ཆེ་བའི་ཕུར་བུ་ལགས་ཀྱིས་བོད་དུ་སྤེལ་བའི“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”བྱེད་སྒོའི་ཐད་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད་པ་སྟེ།

    ལོ་ལྟར་ཟླ་9པ་ནི་ལྗོངས་ཡོངས་ཀྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བ”ཡིན་པ་དང་། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་ཁང་དུ་སྤེལ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“ཉེ་འགྲམ་གྱི་མིག་དཔེ”དཔྱད་འདེམས་བྱེད་པ་སོགས་རེད།

    ཕན་ཚུན་བརྩེ་སེམས་ཟབ་པའི་སྤུན་ཟླ་དང་ཕྱར་བ་གྲུ་འདེགས་བྱེད་མཁན་མི་དམངས་ཀྱིས་བོད་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ལ་གཤོག་ཟུང་ཡང་བསྣན་ཡོད།

    “མི་རིགས་ཁག་གི་སྤུན་ཟླ་ཚོས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་དགོས”ཕུར་བུ་ལགས་ཀྱི་བཞིན་ལས་འཛུམ་མདངས་འཕྱུར།

    ཇ་བསྲུབས་མ་མཉམ་དུ་འཐུང་བ་དང་དཀའ་ངལ་འཕྲད་སྐབས་མཉམ་དུ་འཁུར།

    བཅར་འདྲི་བྱ་ཡུལ་གྱི་ས་ཚིགས་དང་པོ་ནི་ལྷ་ས་བར་སྐོར་ཁྲོམ་གཞུང་ཀླུ་སྒུག་སྡེ་ཁུལ་རེད།  ལོ་ངོ་སྟོང་གི་བར་སྐོར་ཁྲོམ་གཞུང་གི་གཞོགས་གཉིས་སུ་ཚོང་ཁང་མང་བ་དང་མི་ཚོགས་ཀྱིས་ཁེངས་ཡོད།   2021ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕེབས་མཚམས་བཞག་ནས་མྱོང་ཚོར་ཟབ་མོའི་ངང“མི་རིགས་ཁག་གི་རིག་གནས་འདི་གར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཐུབ་པས་ང་ཚོ་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོ་འདི་གར་དགའ་སྤྲོའི་རྣམ་པས་ཁེངས་ཡོད”ཅེས་གསུངས།

    “ཀླུ་སྒུག་བ་རྟག་ཏུ་འདི་ནས་བརྒྱུད་ནས་འགྲོ་བ་དང་མི་རིགས་མཐུན་སྒྲིལ་གྱི་ཡིག་འབྲུ་བཞི་པོ་རྡོ་བརྐོས་རི་མོ་ལྟར་སེམས་ལ་ངེས་ཡོད”སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་བསོད་ནམས་རྒྱ་མཚོས་ཆེད་མངགས་འདི་གར་ང་ཚོ་དང་ཐུག་འཕྲད་བྱས་ཤིང་། ཁོང་གིས“ཕན་ཚུན་བརྩེ་བ་ཟབ་པ་ཇ་དང་ཚྭ་ལྟར་ཡིན་ཞེས་ང་ཚོས་རྟག་ཏུ་ཤོད་ཀྱི་ཡོད། ཁྱེད་ཀྱིས་གཟིགས་དང་། ཇ་ལོ་ནི་འུན་ཤིང་ཀོང་ཇོས་བསྣམས་ཕེབས་པ་ཞིག་རེད”ཅེས་བཤད།

    ཀླུ་སྒུག་སྡེ་ཁུལ་དུ་མི་རིགས་11དང་དུད་ཚང་2500ལྷག་ཙམ་ཡོད་ཅིང་། ཕན་ཚུན་བརྩེ་སེམས་ཧ་ཅང་ཟབ་མོ་ཡོད། བསོད་ནམས་རྒྱ་མཚོས་སྤོབས་པ་ཆེ་ཤོས་བྱེད་པ་ནི་དཀའ་ངལ་འཕྲད་སྐབས་ཚང་མས་ཕན་ཚུན་རོགས་རེས་བྱེད་པ་དེ་རེད།

    སི་ཁྲོན་བ་ཝང་གོ་ཧྥང་ལྷ་སར་ཚོང་བརྒྱབ་ནས་ལོ་བཅུ་ལྷག་ཙམ་སོང་ཞིང་། ང་ཚོ་འདིར་སླེབས་སྐབས་ཁོང་ཚོང་ལ་བྲེལ་བཞིན་འདུག ཁང་བདག་པ་སངས་སྒྲོལ་དཀར་གྱི་སྐོར་གླེང་སྐབས་ཁོང་གིས“ཨ་ཅག་ཁོང་གིས་གནས་ཚུལ་འཕྲད་སྐབས་རྟག་ཏུ་ང་ཚོར་བསམ་བློ་གཏོང་གི་འདུག”ཅེས་བསྔགས་བརྗོད་ཡང་ཡང་བྱས།

    པ་སངས་སྒྲོལ་དཀར་ལ་ཁང་མིག་30ལྷག་ཙམ་ཡོད་པ་དེ་དག་ཝང་གོ་ཧྥང་སོགས་ཡུལ་གཞན་ནས་ཡོང་བའི་དུད་ཚང་ལ་བོགས་མར་བཏང་ཡོད། 2020ལོའི་དཔྱིད་ཀར། རིམས་ནད་ཀྱིས་རྐྱེན་པས་བར་སྐོར་ཁྲོམ་གཞུང་གི་ཚོང་དུད་ཚོའི་ཚོང་གནས་སྐབས་མཚམས་འཇོག་དགོས་བྱུང་ཡོད།

    ཝང་གོ་ཧྥང་གིས་སེམས་ཁྲལ་ཆེན་པོ་བྱེད་པའི་སྐབས་པ་སངས་སྒྲོལ་དཀར་གྱིས་ཁ་པར་བརྒྱབ་ནས“སེམས་ཁྲལ་མ་བྱེད། ཟླ་བ་འདིའི་ཁང་གླ་མི་དགོས”ཞེས་བཤད།

    “ངར་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཁོང་ལ་ལག་པ་བཏང་ནས་ཐུགས་རྗེ་ཆེ་ཞུ་དགོས་བསམ་བྱུང”

    ཝང་གོ་ཧྥང་གིས། པ་སངས་སྒྲོལ་དཀར་གྱིས་ཁྱིམ་དུད་ཚང་མར་ཁང་གླ་རྩ་ཆག་བཏང་བ་མ་ཟད། ད་དུང་དཀའ་ངལ་ཡོད་པའི་དུད་ཚང་ལ་ཟས་རིགས་དང་མཁོ་ཆས་སོགས་བསྐྱལ་ཡོད། རྗེས་སུ“ཁང་གླ་མི་དགོས་པའི་དུས་ཡུན”ཐེངས་མང་སྣུར་སྲིང་བྱས་པ་དང་ཁང་གླ་སྒོར་ཁྲི་བཅུ་ཕྲག་མང་པོ་རྩ་ཆག་བཏང་བ་རེད་ཅེས་བཤད།

    “དོན་དངོས་ཐོག་ཨ་ཅག་ཁོང་ལའང་འབེལ་པོ་མེད། ཁང་པ་རྒྱག་ཆེད་ཁོང་གིས་གཉེན་ཉེའི་ས་ནས་སྒོར་ཁྲི་180ལྷག་ཙམ་གཡར་བ་དང་ཟླ་བ་མི་རེ་ངོ་རེར་ད་དུང་དངུལ་བུན་འཇལ་དགོས་ཀྱི་ཡོད”ཅེས་ཝང་གོ་ཧྥང་གིས་བཤད།

    དེ་ལྟ་བུའི་གཏམ་རྒྱུད་ཀླུ་སྒུག་སྡེ་ཁུལ་གྱི་གང་སར་མཐོང་རྒྱུ་ཡོད།

    “ཇ་བསྲུབས་མ་མཉམ་དུ་འཐུང་བ་དང་དཀའ་ངལ་འཕྲད་སྐབས་མཉམ་དུ་སེལ”བསོད་ནམས་རྒྱལ་མཚན་གྱིས“ད་ཆ་ཁྱིམ་ཚང་སུ་ཞིག་ལ་དཀའ་ངལ་འཕྲད་ཚེ་སྡེ་ཁུལ་གྱི་མི་རིགས་ཁག་གི‘ནང་མི’ཚང་མས་རང་འགུལ་ངང་རོགས་རམ་བྱེད་ཀྱི་ཡོད་པས་ཧ་ཅང་འཆམ་པོ་ཡོད”ཅེས་བཤད།

    བོད་ལ་དགའ་པོ་བྱེད་མཁན་སྐལ་བཟང་མེ་ཏོག་ལྟ་བུ་ཧ་ཅང་མང་།

    གསར་འགོད་པ་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་གི་ཉི་མ་ཆོས་འཛོམས་གྱི་ཁྱིམ་དུ་སྐྱོད་སྐབས། ཁོང་གིས་པང་གདན་གྱིས་ལག་པ་ཕྱིས་བཞིན“རྩམ་པ་འཐག་གི་ཡོད། ཏོག་ཙམ་ནས་བྲོ་བ་གཅིག་གཟིགས་ཨང”ཞེས་བཤད།

    ཉི་མ་ཆོས་འཛོམས་ཀྱིས་ལོ་ཤས་གོང་རྩམ་པ་ལས་སྣོན་བཟོ་གྲྭ་འཛུགས་སྐབས་འགོག་རྐྱེན་ཆུང་ཆུང་འགའ་འཕྲད་ཡོད། “སྟབས་ལེགས་པ་ཞིག་ལ་ཤང་གིས་རྒྱབ་སྐྱོར་བྱས་བྱུང་། དཀའ་ངལ་ཡོད་ན་ཞའོ་ཝུའུ་འཚོལ་དང་ཞེས་ངས་རྟག་ཏུ་ཤོད་ཀྱི་ཡོད”

    “ཞའོ་ཝུའུ”ཡི་མིང་ངོ་མར་ཝུའུ་ཧྲུན་ཞི་ཟེར་ཞིང་། རྒྱལ་སྨན་ཤང་གི་རྩ་འཛུགས་ཨུ་ཡོན་རེད། 2015ལོའི་ཟླ་གསུམ་པར། ཧུའུ་པེ་རིག་གནས་དང་རང་བྱུང་ཚན་རིག་ཚན་ཁག་སློབ་གླིང་གི“སྐལ་བཟང་མེ་ཏོག”སློབ་སྐྱོར་ཚོགས་ཆུང་འཕྱོངས་རྒྱས་རྫོང་སློབ་འབྲིང་དུ་སློབ་སྐྱོར་བྱེད་པར་བསྐྱོད་ཅིང་། སློབ་ཆེན་ལོ་རིམ་གསུམ་པ་འགྲིམ་བཞིན་པའི་ཁོང་གིས་རུ་སྣེ་ཁྲིད་མཁན་གྱི་འགན་འཁུར་ཡོད། དང་ཐོག་དེ་གར་ཡོང་དུས་འཚོ་བ་སྐྱོ་པོ་ཡོད་མོད། འོན་ཀྱང་བོད་རིགས་ཕྲུ་གུ་ཚོས་ཁོང་ལ་དགའ་པོ་བྱེད་ཀྱི་ཡོད། ལོ་ཕྱེད་ཀྱི་རྗེས་སུ། སློབ་སྐྱོར་མཇུག་སྒྲིལ་ནས་མིག་ལ་མཆི་ཞག་འཁོར་བཞིན་དེ་ནས་བྲལ། ཡང་ལོ་ཕྱེད་སོང་རྗེས། ཁོང་སླར་ཡང་དེ་གར་ཡོང་ནས“སློབ་མཐར་ཕྱིན་སོང་། ད་འདི་ནས་ཁ་བྲལ་གྱི་མིན”ཞེས་བརྗོད།

    ཁོང་ལས་ཁུངས་སུ་ལས་ཀ་བྱེད་པར་སོང་ནས། རང་འགུལ་ངང་གཞི་རིམ་ལ་སོང་སྟེ་གྲོང་ཚོའི་ཧྲུའུ་ཅི་དང་པོ་བྱས། ཁོམ་པ་བྱུང་དུས་མང་ཚོགས་ཀྱི་ཁྱིམ་དུ་ཕྱིན་ནས་ལས་ཀ་བྱེད་རོགས་བྱེད་པ་དང་། ཞིང་ལས་བྲེལ་བ་ཆེ་དུས་ཞིང་ཁ་འདེབས་རོགས་བྱེད་པ། དུད་ཁྱིམ་ལ་འཐུང་ཆུའི་གནད་དོན་ཐག་གཅོད་བྱེད་རོགས་བྱེད་པ། ཕྲུ་གུ་ཚོར་སློབ་ཚན་ཟུར་ཁྲིད་བྱེད་པ་སོགས་བྱེད་པས། དེ་ལྟར་རིམ་བཞིན་གྲོང་མི་ཚོས་ཁོང་ཁས་ལེན་བྱས་པ་དང་། “ཧྲུའུ་ཅི་ལགས། ཐུགས་རྗེ་ཆེ”ཞེས་ཡང་ཡང་ཟེར་གྱི་ཡོད་པས། ཁོང་སེམས་པ་སྐྱིད་པོ་ཡོང་གི་ཡོད།

    ཝུའུ་ཧྲུན་ཞིལ་ཁ་པར་ཞིག་འབྱོར་བ་དང་། ཁོང་གིས“འདི་ངའི་བོད་རིགས་གཅུང་པོ་བསོད་ནམས་རྒྱ་མཚོ་རེད”ཅེས་བཤད། བརྙན་ལམ་ཁ་པར་ནང་ནེའུ་ཙའི་སྟོད་ཐུང་གྱོན་པའི་སློབ་ཆེན་སློབ་མ་ཞིག་གིས“གཅེན་པོ་ཞི་ལགས”ཞེས་འབོད་བཞིན་དུ་ཁོང་དང་མཉམ་དུ་ཡུལ་གཞན་གྱི་སྐྱིད་སྡུག་གླེང་བཞིན་མཆིས།

    སློབ་སྐྱོར་བྱེད་པའི་ལོ་དེར་ཝུའུ་ཧྲུན་ཞི་ནི་བསོད་ནམས་རྒྱ་མཚོའི་དབྱིན་ཡིག་དགེ་རྒན་ཡིན་ཞིང་། ཁོང་གིས“ཐོག་མར་ཁོ་བོའི་དབྱིན་ཡིག་སྦྱངས་འབྲས་སྐར་མ་27ལས་ལོན་མེད། ངས་ཉིན་ལྟར་ཁོང་ལ་གསབ་སྦྱོང་བྱེད་རོགས་བྱེད་ཀྱི་ཡོད་པས་སློབ་དུས་གཅིག་སོང་རྗེས་སྦྱངས་འབྲས་སྐར་མ་69ལ་སླེབས་སོང”ཞེས་བཤད། “དགེ་རྒན་དང་སློབ་མ་གཉིས” “གཅེན་གཅུང་གཉིས”ལ་གྱུར། ཝུའུ་ཧྲུན་ཞིའི་རོགས་རམ་འོག་བསོད་ནམས་རྒྱ་མཚོར་སྦྱངས་འབྲས་བཟང་པོ་ཐོབ་ནས་མཐར་བསམ་འདུན་ལྟར་སློབ་གྲྭ་ཆེ་མོར་འགྲིམ་པའི་ཕུགས་བསམ་མངོན་འགྱུར་བྱུང་ཡོད།

    འཕེལ་རྒྱས་ཀྱི་མྱུར་ཚད་མགྱོགས་ལ། འཚོ་བ་བདེ་ཞིང་སྐྱིད།

    ཉིང་ཁྲི་ནས་ལྷོ་ཁའི་བར་གྱི་རྒྱལ་ལམ་219ཡི་ཀྱག་ཀྱོག་ལམ་བུའི་ཐོག་ཕུར་བུ་ལགས་ཀྱིས་འགྲིམ་འགྲུལ་འཕོ་འགྱུར་གྱི་གཏམ་རྒྱུད་མང་པོ་བརྗོད།

    “ས་ཆ་དེར་འགྲོ་ཁག་པོ་ཡོད། ད་ཆ་རླངས་འཁོར་ཤར་གཏོང་ཐུབ་པ་དང་། ཟམ་པ་བརྒྱབ་ཡོད་པ། མྱུར་བགྲོད་ལྕགས་ལམ་བསྐྲུན་ཡོད། དེ་སྔ་ཉིན་གཉིས་ཙམ་འགོར་བའི་ལམ་བུར་ད་ཆ་རླངས་འཁོར་བསྡད་ནས་བསྐྱོད་ཚེ་ཉིན་ཕྱེད་ཙམ་ལས་འགོར་གྱི་མེད”

    ཚོར་སྣང་ཟབ་མོ་ཡོད་པ་ནི་ཁོང་གཅིག་པུ་མིན་པར། བོད་དུ་སྐྱོད་སྐབས། ང་ཚོས་རྟག་ཏུ་འཚོ་བ་བདེ་སྐྱིད་ལྡན་པའི་སྐོར་མང་པོ་ཐོས་ཀྱི་འདུག

    བརྟག་ཞིབ་བྱེད་རིང་། མི་རྣམས་ཀྱིས་སྤོབས་པ་ཆེན་པོས་འགྱུར་ལྡོག་དང་གྲངས་གཞི་ཡང་ཡང་བཏོན་པ་སྟེ། ལོ་བཅུའི་རིང་། བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལྡབ་1.5དང་ལྡབ་2སོ་སོར་འཕར་ནས་འཕར་ཚད་ལོ་བདུན་བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་བ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.19བར་རིང་དུ་ཕྱིན་ཡོད།

    (མུ་མཐུད་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།