ཚེས་4ཉིན། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་སྒྲོག་འགྲེལ་གྱི་བརྙན་ལམ་ཚོགས་འདུ་འཚོགས་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། ཐིང་ཀྲང་ཀྲང་ཧུང་པོ་ཡིས་ལྗོངས་ཡོངས་ཀྱི་སྤྱི་བདེའི་མི་དམངས་ཉེན་རྟོག་པར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཟུར་ཁྲིད་སྙན་ཞུ་གནང་བ་རེད།
ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱིས་ཉེན་རྟོག་པ་ཡོངས་ཀྱི་བསམ་བློར་དྲག་ཆས་སྤྲོས་པ་བཅས་བྱས་ཏེ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྤྱི་བདེའི་ལས་དོན་གྱི་ཕྱོགས་གང་སར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ཏང་དང་མི་དམངས་ཀྱིས་སྤྱི་བདེ་ལས་ཁུངས་ལ་སྤྲད་པའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ལྷག་བསམ་རྣམ་དག་ངང་སྒྲུབ་པ་དང་། བདེ་འཇགས་ཀྱི་རྣམ་པ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འགན་ལེན་བྱེད་པ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”བྱེད་སྒོ་སྤེལ་རིང་མདུན་གྲལ་དུ་ཧུར་ཐག་སྐྱོད་པ་དང་མིག་དཔེ་སྟོན་པ་བཅས་བྱས་ཏེ། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་གཡས་གཞོགས་གཡོན་འདེགས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།