ཉིན་ཤས་བསྟུད་མའི་རིང་། རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་བརྟེན། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་འཕྱུར་ཡོད། ཚང་མས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་དང་། སྙིང་སྟོབས་རབ་འཕེལ་དང་འབད་འབུངས་ཡར་བརྩོན། ཞུམ་མེད་མདུན་སྐྱོད་བཅས་བྱེད་པ། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་འགན་འཁྲི་དང་ལས་འགན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གངས་ལྗོངས་ས་མཐོར་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།
སྙན་སྒྲོན་ལ་ཞིབ་ཀློག་ཡང་ཡང་བྱེད་པ་དང་། སྒྲོག་འགྲེལ་དཔྱད་ཡིག་གྲ་སྒྲིག་ནན་ཏན་བྱེད་པ། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་སོགས། ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་སྦྱར་རགས་སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་ཚེ་བརྟན་གྱིས་ཀྲི་པུའི་ཁོངས་མིའི་སྣེ་ཁྲིད་དེ་དྲིལ་བསྒྲགས་དང་སྒྲོག་འགྲེལ་རྣམ་པ་སྣ་ཚོགས་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གཞི་རིམ་དང་མང་ཚོགས་ཁྲོད་ཁྱབ་པར་སྐུལ་འདེད་བཏང་བ་རེད། “ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩིས་ནས་མང་ཚོགས་ཀྱི་འབོད་སྒྲ་གང་ལེགས་ཉན་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ། དམངས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པ་བཅས་བྱས་ནས་མི་སེར་གྱི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱོང་དགོས”ཞེས་ཚེ་བརྟན་གྱིས་བརྗོད་པ་རེད།
ལོ་བཅུའི་རིང་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱི་བྱ་གཞག་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས“མཁའ་ཐོག་གི་སྲོག་རྩ”དང་། “སྐྱེལ་འདྲེན་འགན་སྲུང་ལམ་ཐིག” “མི་རིགས་མཐུན་སྒྲིལ་ལམ་ཐིག” “སྤྱི་ཚོགས་ཡར་ཐོན་ལམ་ཐིག”བཅས་ཀྱི་ནུས་པ་སྔར་བས་མངོན་གསལ་དོད་དུ་སོང་བ་དང་། མཁའ་ལམ་ཁག་152ཟིན་པ། ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་600ཡན་ཟིན་པ་བཅས་མི་དམངས་མང་ཚོགས་ཀྱི་མཁའ་ཐོག་འགྲོ་སྐྱོད་སྔར་བས་སྟབས་བདེ་དང་བདེ་འཇགས་ལྡན་པར་གྱུར་ཡོད།
དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུན་པིན་གྱིས། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གཏན་འཁེལ་གནང་བའི་དམིགས་ཚད་ལས་འགན་མངོན་འགྱུར་བྱ་ཆེད་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་གནང་ཡོད། ང་ཚོས་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམངས་སྤྱོད་མཁའ་འགྲུལ་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས”ཞེས་བརྗོད་པ་རེད།
ཉིན་ཤས་བསྟུད་མར། ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས“སྙན་སྒྲོན་གྱི་དགོངས་དོན་ཇི་ལྟར་སྦྱོང་དགོས་པ་དང་ཞིབ་དཔྱོད་ལས་དོན་ཇི་ལྟར་སྒྲུབ་དགོས་པའི”ཐད་ལ་དམ་པོར་དམིགས་ནས་ཇུས་འགོད་དང་བསམ་གཞིག་ནན་ཏན་བྱས་ཏེ“ཞིབ་དཔྱོད་ཀྱིས་གང་ཞིག་སྒྲུབ་དགོས་པ”གནད་ལ་འཁེལ་པོས་བཙལ་བ་རེད། ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཅན་ཁྲ་ཀྲང་ཅང་ཅན་ཕིང་གིས། བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། ཁྲིམས་སྐྱོང་གི་རང་རྟོགས། ཞིབ་དཔྱོད་ཀྱི་རང་རྟོགས་བཅས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཞིབ་དཔྱོད་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ལྷུ་ཚིགས་ཁག་ལ་ཆད་ལུས་མེད་པར་དོན་འཁྱོལ་བྱེད་པ་དང་། སྙིང་སྟོབས་རབ་འཕེལ་དང་འབད་འབུངས་ཡར་བརྩོན། ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛིན་གྱི་གྱོད་གཞི་རེ་རེའི་ཁྲོད་ནས་དྲང་སྙོམས་དྲང་བདེན་ཚོར་ཐུབ་པའི་འབད་བརྩོན་བྱེད་དགོས་ལ། དངོས་སྒྲུབ་དང་། ལས་རྗེས། དངོས་ཕན་བཅས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།
སྔོ་ཚལ་དྲོད་ཁང་ཆེ་མོ་བསྐྲུན་པ་དང་། སྡོང་ཕྲུག་རྟེན་གཞི་རྒྱ་ཆེར་བཏང་བ། བཟའ་བཅའ་ལས་སྣོན་ཁེ་ལས་ནང་འདྲེན་བྱས་པ་སོགས། ཉེ་བའི་ལོ་ཤས་རིང་། ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་རོགས་སྐྱོར་བྱ་ཡུལ་དུ་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་གཏོང་རོགས་བྱས་པས་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་འགྲོ་བཞིན་ཡོད། ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་རུ་མི་དང་སྨར་ཁམས་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧུའུ་ཕུང་ལའེ་ཡིས། ང་ཚོས་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཐོག་མགྱོགས་མྱུར་གཅིག་གྱུར་བྱས་ཏེ་ཡུལ་མི་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་རྒྱུན་ཆད་མེད་པར་མངོན་འགྱུར་ཡོང་ཐབས་བྱེད་དགོས་ཞེས་བརྗོད་པ་རེད།
“དམངས་འཚོའི་བདེ་རྩ་ཆེ་རུ་བཏང་སྟེ་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དགོས” “མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས”ཞེས་པ་སོགས་ཁྲོད་ཀྱི“མི་དམངས”ཞེས་པ་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་ཐོག་མཐའ་བར་གསུམ་དུ་ཁྱབ་པའི་གཙོ་རྐང་ཞིག་རེད། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྐྱེད་པ་ཤང་རྒྱལ་བཟང་གྲོང་ཚོའི་ཧྲུའུ་ཅི་དང་པོ་དབྱང་དབྱི་ཡིང་གིས། “གྲོང་ཚོའི་སྡོད་ཁང་ཉམས་བཟོ་བྱས་པ་དང་། འགྲོ་ལམ་རྒྱ་ཆེར་བཏང་བ། ལམ་སྒྲོན་གསལ་དུ་ཕྱིན་པ་སོགས་དུས་རབས་རླབས་པོ་ཆེ་དེ་འདྲའི་འོག་མི་སེར་ཚོར་མིག་མཐོང་ལག་ཟིན་གྱི་དངོས་ཕན་མང་པོ་ཐོབ་ཡོད”གཤམ་ལ་ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ནན་ཏན་བྱས་ཏེ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ས་དང་པོར་ཡུལ་མི་སྤུན་ཟླ་རྣམས་ཀྱི་སྣེ་ཁྲིད་དེ་རྡོག་རྩ་གཅིག་སྒྲིལ་གྱིས་ལས་དོན་སྒྲུབ་པ་དང་མང་ཚོགས་ཉེ་འགྲམ་གྱི་མཐོང་ཐུབ་པའི་འགྱུར་ལྡོག་ལ་བརྟེན་ནས་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་དགོས”ཞེས་གསར་འགོད་པར་བརྗོད་པ་རེད།
སྨྱན་སྦྱོར་གསར་པའི་དུད་སྣེ་སོགས་ཀྱི་གཞི་རྟེན་སྤྱད་དེ་དཔོན་དམག་རྣམས་ལ་ཏང་གི་ཚོགས་ཆེན་པོ་ཉི་ཤུ་པའི་པར་རིས་ཕྱོགས་བསྡུས་བརྒྱུད་བསྐུར་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་མ་ཡིག་སྣེ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་བསམ་པའི་མྱོང་ཚོར་བྲི་བ། གྲོས་བསྡུར་སྤེལ་རེས་ཚོགས་འདུ་རྒྱ་ཁྱབ་ངང་ཚོགས་པ་སོགས། ཉེ་དུས་ས་བབ་མཐོ་ཚད་སྨི་4700ཟིན་པའི་གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་དུ་དྲག་ཆས་ཉེན་རྟོག་སྐབས་སྤྱོད་སྤྱི་ཁྱབ་རུ་ཁག་གཉིས་པའི་ཉིང་ལག་རུ་ཁག་ཞིག་གི་རུ་འབྲིང་ཞིག་གིས“ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱས་ནས་རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་བྱེད”ཅེས་པ་བརྗོད་དོན་གཙོ་བོའི་རིམ་སྤེལ་བྱེད་སྒོ་སྤེལ་ཏེ་རུ་འབྲིང་གི་དཔོན་དམག་གིས་ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ལ་དགའ་ཞེན་བྱེད་པའི་སྤྲོ་སེམས་འཕེལ་བར་བྱས་ཁར། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་ཀྱང་བཏང་བ་རེད།