ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་གླ་ཆ་འགྱངས་ཆད་འབྱུང་རྩ་ནས་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། དོན་དངོས་གཞིར་བཟུང་ཞིང་བཅའ་ཁྲིམས་ཚད་མར་བྱས་ནས་བཙན་ཐབས་ཀྱིས་ཆད་དངུལ་གཙང་ལེན་དང་ལམ་ལུགས་ཀྱིས་འགན་ལེན་ཤུགས་ཆེན་བྱས་པ་མ་ཟད། བཅོས་སྐྱོང་ཀྱི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ“གཞི་གཅིག་ཏུ་བཅོས་སྐྱོང་དང་། འབྱུང་རྩ་ནས་བཅོས་སྐྱོང་། ཆེད་དོན་བཅོས་སྐྱོང་། ཁྲིམས་ལྟར་བཅོས་སྐྱོང་། ཁྲིད་སྟོན་བཅོས་སྐྱོང”བཅས་གླ་ཆ་འགྱངས་ཆད་འབྱུང་རྩ་ནས་བཅོས་སྒྲིག་བྱེད་པའི་ཕུགས་ཕན་གྱི་བཅོས་སྐྱོང་མ་ལག་བཙུགས་ནས་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་པ་རེད།
2022ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་སྐུལ་ཞིབ་བཤེར་ཆེ་མོ་ཐེངས་དགུ་པས་རང་ལྗོངས་ཀྱི་གླ་ཆ་འགྱངས་ཆད་འབྱུང་རྩ་ནས་བཅོས་སྒྲིག་བྱེད་པའི་ཕུགས་ཕན་གྱི་བཅོས་སྐྱོང་མ་ལག་དེ་དཔེ་མཚོན་གྱི་ཉམས་མྱོང་དང་སྒྲུབ་སྟངས་སུ་བརྩིས་ནས་བསྔགས་བརྗོད་བྱས་ཡོད།
གོང་འོག་ཀུན་གྱིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱས་པ།
ན་ནིང་གི་ཟླ་བརྒྱད་པའི་ཟླ་འགོར། གླ་པ་རྒྱུག་མཁན་ཀྲོའུ་ཞིན་ཧྥ་རང་སྐྱོང་ལྗོངས་མི་སྤྱི་ཐིང་དུ་གོས་དར་འབུལ་བར་ཡོང་ཞིང་། ཁོང་གིས“ཁྱེད་ཚོ་ང་ཚོའི་གཉེན་ཉེ་རེད། ང་ཚོའི་དོན་དུ་ལས་ཀ་ཁ་ཡོད་ལག་ཡོད་བྱས་ཡོད”ཅེས་སེམས་འགུལ་ཐེབས་བཞིན་དུ་བཤད།
གོས་དར་འདི་ལྟ་བུའི་རྒྱབ་ཏུ་ལྗོངས་མི་སྤྱི་ཐིང་གིས་དུས་ཐོག་ཏུ་རྗེས་སྙེག་བཏང་བ་དང་ས་གནས་མི་སྤྱི་སྡེ་ཚན་གྱིས་ཕྱོགས་མང་པོ་ནས་མཐུན་སྦྱོར་བྱས་མཐར་གླ་ཆ་འགྱངས་ཆད་བྱས་རིགས་བདེ་བླག་ངང་ཚུར་འདེད་ཐུབ་པའི་གཏམ་རྒྱུད་ཡོད།
ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་མཉམ་ཤུགས་ཆགས་པ། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། ས་ཁུལ། རྫོང་། ཆུས་བཅས་ཚང་མར་གླ་ཆ་འགྱངས་ཆད་ཀྱི་གནད་དོན་འབྱུང་རྩ་ནས་བཅོས་སྒྲིག་བྱེད་པའི་ཆེད་དོན་ཚོགས་ཆུང་བཙུགས་པ་དང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མཉམ་དུ་འབད་བརྩོན་དང་། གཅིག་སྡུད་བཀོད་གཏོང་། མཉམ་དུ་ཆད་དངུལ་གཙང་ལེན་བཅས་བྱས་པས་ལྗོངས་ཡོངས་སུ“དོ་དམ་གྱི་དྲ་བ་དང་། གྱོད་གཞིའི་མཛོད། ཐག་གཅོད་ཀྱི་ཚད་གཞི”བཅས་གཞི་གཅིག་བཅོས་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་གི་རྣམ་པ་ཞིག་ཆགས་ཏེ་གྱོད་གཞི་ཚང་མར“ཉིན་གསུམ་ནང་ལན་སློག་པ་དང་། གཟའ་འཁོར་གཅིག་ནང་ཐག་གཅོད”ཐུབ་ཡོད།
དེ་དང་ཆབས་ཅིག་རང་ལྗོངས་ཀྱིས་རིམ་ཁག་སྲིད་གཞུང་གི་བྱེད་པོའི་འགན་འཁྲི་ཁྱོན་ཡོངས་ནས་ནན་དུ་བཏང་སྟེ་ཞིང་པ་ལས་མིའི་གླ་ཆ་འགན་སྲུང་གི་ཆེད་དོན་དཔྱད་ཞིབ་ལག་ལེན་བསྟར་བ་མ་ཟད། ཞིང་པ་ལས་མིའི་གླ་ཆ་འགན་སྲུང་གི་ལས་དོན་དེ་སྲིད་གཞུང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ཀྱི་ལས་རྗེས་དཔྱད་ཞིབ་མ་ལག་དང་དུས་བདེ་འཛུགས་སྐྱོང་གི་དཔྱད་ཞིབ་གདེང་འཇོག་མ་ལག་ནང་བཅུག་ནས་བསྡུར་ཚད་2%དང་5%སོ་སོར་ཟིན་པ་དེས་དཔྱད་ཞིབ་ཀྱི“བཀོད་འདོམས་དབྱུག་པའི”ནུས་པ་གང་ལེགས་ཐོན་ཡོད།
ལམ་ལུགས་ཀྱི་རྨང་གཞི་བརྟན་དུ་བཏང་བ།
འབྱུང་རྩ་ནས་བཅོས་སྐྱོང་ལ་དམ་འཛིན་དང་ཉེན་ཁ་ཐོན་བཟོ་ཡོད་པའི་ས་ནས་ཐག་གཅོད་བྱས་པ། རང་ལྗོངས་ཀྱིས《གླ་ཆ་འགྱངས་ཆད་བཅོས་སྐྱོང་ལས་དོན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང་། 《བོད་རང་སྐྱོང་ལྗོངས་ཀྱི་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་གླ་ཆ་འགན་ལེན་དངུལ་གྱི་ལམ་ལུགས་ལག་བསྟར་བྱ་ཐབས》སོགས་ཕུགས་ཕན་གྱི་ལམ་སྲོལ་ཁག་30ལྷག་ཙམ་སྔ་རྗེས་སུ་བཏོན་ནས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་འབྱུང་རྩ་ནས་བཅོས་སྒྲིག་བྱེད་པར་ལམ་ལུགས་ཀྱི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
ལམ་ལུགས་ཀྱི་སྒྲོམ་གཞིའི་འོག་རང་ལྗོངས་སུ་ཨར་སྐྲུན་བཟོ་པའི་མིང་ངོ་མ་འགོད་པའི་ལམ་ལུགས་ཀྱི་དོ་དམ་ལས་སྟེགས་བསྐྲུན་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་ཞིང་པ་ལས་མིའི་གླ་ཆ་འགན་ལེན་དངུལ་དང་གླ་ཆ་འགྱངས་ཆད་ཀྱི་འཕྲལ་སྡོམ་འཁོར་རྒྱུག་མ་དངུལ་སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་ཁྲིམས་ལྟར་དོན་འཁྱོལ་བྱས་ཤིང་། མིག་སྔའི་བར་ལྗོངས་ཡོངས་སུ་མིང་ངོ་མ་འགོད་པའི་ལམ་ལུགས་ཀྱི་དོ་དམ་རྣམ་གྲངས་ཁྱོན་ཁྲི་1.17ལྷག་ཙམ་དང་ལས་སྟེགས་སུ་མིང་ངོ་མ་ཐོ་འགོད་མཁན་མི་ཐེངས་ཁྲི་118.7ཟིན་པ་དང་། ཞིང་པ་ལས་མིའི་གླ་ཆ་ཆེད་སྤྱོད་རྩིས་ཁྲ་ཁག་9020བཟོས་ནས་དངུལ་ཁང་གིས་གླ་ཆ་སྒོར་དུང་ཕྱུར་145.63ཚབ་སྤྲོད་བྱས་ཡོད། རིམ་རྩིས་བྱས་ན། འཕྲལ་སྡོམ་འཁོར་རྒྱུག་མ་དངུལ་སྒོར་དུང་ཕྱུར་19.68བཀོད་སྒྲིག་དང་ཞིང་པ་ལས་མིའི་གླ་ཆ་འགན་ལེན་མ་དངུལ་སྒོར་དུང་ཕྱུར་107.8བཅོལ་ཡོད་པ་རེད།
ཕྱོགས་ཡོངས་ནས་ཤུགས་བརྒྱབ་སྟེ་བཅོས་སྒྲིག་བྱས་པ།
ཞིང་པ་ལས་མིར་གླ་ཆ་སྤྲོད་པའི་ལས་དོན་ལ་འགན་སྲུང་བྱེད་པ་ནི་ཞིང་པ་ལས་མིའི་བདེ་རྩར་ཐུག་པའི་ཁེ་ཕན་དང་། སྤྱི་ཚོགས་དྲང་གཞག་དྲང་བདེན་ཡོང་བ། ངལ་རྩོལ་གྱི་འབྲེལ་བ་ཞི་མཐུན་ལྷིང་འཇགས་ཡོང་བ་བཅས་དང་འབྲེལ་བ་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས《ཞིང་པ་ལས་མིར་གླ་ཆ་སྤྲོད་རྒྱུའི་འགན་སྲུང་སྲོལ་ཡིག》ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་གླ་ཆ་འགྱངས་ཆད་བྱས་རིགས་ལ་ཁྲིམས་བཞིན་བཅོས་སྐྱོང་བྱེད་པའི་ཁར་ཁྲིམས་བསྟར་དང་། འདུམ་གཅོད། གཏུག་བཤེར། ལྟ་སྐུལ་བཅས་ཕན་ཚུལ་སྦྲེལ་མཐུད་དང་། མཐུན་སྦྱོར་མཉམ་འགུལ། ནུས་པ་གསབ་རེས། ཕན་ཆེ་སྟབས་བདེ་བཅས་ཡོང་བའི་གླ་ཆ་འགྱངས་ཆད་ཀྱི་འདུམ་འགྲིག་ལམ་སྲོལ་བཟོས་ནས་གླ་ཆ་འགྱངས་ཆད་ཀྱི་གནད་དོན་གྱོད་ཁོངས་སུ་འཇུག་པ་དང་། འདུམ་གཅོད། གྱོད་ཐག་གཅོད་པ། ཚུར་ལན་སྤྲོད་པ་བཅས་གང་མགྱོགས་ཡོང་བ་བྱས་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྗོངས་ཡོངས་ཀྱི་ངལ་རྩོལ་འགན་སྲུང་ལྟ་ཞིབ་སྒྲིག་གཞིས་ཐེར་འདོན་ཞུ་གཏུག་གི་གྱོད་གཞི་ཁྲི་1.09བདག་སྤྲོད་བྱས་པ་དང་། ངལ་རྩོལ་པ་ཁྲི་10.76དང་འབྲེལ་བ་ཡོད་པ། གླ་ཆ་སོགས་ཀྱི་ཐོབ་ཆ་སྒོར་དུང་ཕྱུར་15.15འདེད་ལེན་ཐུབ་པ་བཅས་བྱུང་ལ། སྤྱི་བདེ་ལས་ཁུངས་ཀྱིས་གླ་ཆ་འགྱངས་ཆད་ཀྱི་ཉེས་དོན་གྱོད་གཞི་113བདག་སྤྲོད་དང་ངལ་རྩོལ་གྱི་ཐོབ་ཆ་མི་སྤྲོད་པའི་དོགས་ཡོད་གྱོད་གཞི་86རྩིས་སྤྲོད་བྱས་ཏེ་གླ་ཆ་འགྱངས་ཆད་ཀྱི་གནས་ཚུལ་ཁྲིམས་བཞིན་བཅོས་སྒྲིག་བྱས་ཡོད།
རང་སྐྱོང་ལྗོངས་མི་སྤྱི་ཐིང་ངལ་རྩོལ་ལྟ་ཞིབ་ཅུས་ཀྱི་ཅུས་ཀྲང་ཆི་ཀྲི་ཀང་གིས“ང་ཚོས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་གནས་ཚུལ་གསར་པར་སྔར་བས་ཞིབ་འཇུག་དང་། གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་འཛུགས་པ་བཅས་བྱས་ཏེ། གླ་ཆ་འགྱངས་ཆད་འབྱུང་རྩ་ནས་བཅོས་སྒྲིག་བྱེད་པའི་མ་ལག་དང་གླ་ཆ་སྤྲོད་རྒྱུར་འགན་སྲུང་གི་ལམ་ལུགས་ཁྱོན་ཡོངས་ནས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་གླ་ཆ་འགྱངས་ཆད་ཀྱི་གནད་དོན་འབྱུང་རྩ་ནས་ཐག་གཅོད་བྱེད་པའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པར་རྨང་གཞི་བཏིང་ཡོད”ཅེས་བཤད་པ་རེད།