ཚེས་1ཉིན་གྱི་ཕྱི་དྲོ། བོད་རང་སྐྱོང་ལྗོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་སྤྱི་ཚོགས་ཚན་རིག་རིགས་པའི་གཞུང་ལུགས་ལས་རིགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་བཞུགས་མོལ་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས་ཤིང་། ལྗོངས་ཡོངས་ཀྱི་སྲིད་ཇུས་ཞིབ་འཇུག་སྡེ་ཚན་དང་། རིག་གཞུང་ལས་ཁུངས། མཐོ་རིམ་སློབ་གྲྭ་སོགས་ཁྱོན་འབྲེལ་ཡོད་ཚན་པའི་མི་སྣ་160ལྷག་ཙམ་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། འཐུས་མི་10ཡིས་སྤེལ་རེས་གཏམ་བཤད་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
དབང་ཧའེ་ཀྲོའུ་ཡིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཁ་ཕྱོགས་ཀྱི་སྟོན་ཕྱོགས་དང་ལས་འགན་གྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་སྐྱོད་པའི་ཡིད་ཆེས་དང་ཆོད་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རང་རྒྱལ་གྱི་འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན་དང་དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེའི་དོན་སྙིང་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གནས་ཚད་གསར་པ་བཏོད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལས་འགན་དང་། ཏང་དང་རྒྱལ་ཁབ་བྱ་གཞག་གི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ། མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་བླང་བྱ་སོགས་དགོངས་དོན་གྱི་ངོ་བོར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་གནད་ལ་འཁེལ་པོས་ཁོང་དུ་ཆུད་པར་བྱེད་དགོས། སྒྲིག་འཛུགས་དང་ཇུས་འགོད་ཞིབ་ཚགས་དང་། ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ། འགན་འཁྲི་གཙོ་བོར་དམིགས་ནས། སློབ་སྦྱོང་གསོ་སྦྱོང་དང་། དྲིལ་བསྒྲགས་ངོ་སྤྲོད། ཞིབ་འཇུག་འཆད་འགྲེལ། སྦྱོང་སྤྱོད་ཟུང་འབྲེལ་བཅས་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་གནས་ལུགས་རིགས་པ་མཚན་ཉིད་གསུམ་གསལ་པོར་ཤོད་པ། སློབ་སྦྱོང་དང་ཞིབ་འཇུག་གི་གྲུབ་འབྲས་དེ་ལས་ཀར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་པ། དུས་རབས་གསར་པའི་རང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།