དབུ་ཤོག>ཆེད་སྒྲིག
  • ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱེད་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-11-03

    “སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩ་དེ་ཏང་ལ་ཐུག་ཡོད”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་། “ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཚར་དུས་མེད་ལ། ཏང་གི་རང་ངོས་གསར་བརྗེར་ཡང་ཚར་དུས་མེད་པས། ལྷོད་གཡེང་སྒྱིད་ལུག་དང་ངལ་དུབ་འཐབ་སུན་གྱི་བསམ་ཚུལ་གཏན་ནས་ཡོད་མི་རུང་ལ། ངེས་པར་དུ་རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་རྒྱུ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ། ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱེད་རྒྱུ་བཅས་ཏང་ཡོངས་ཀྱིས་ངེས་པར་དུ་སེམས་ལ་ངེས་དགོས”ཞེས་ནན་བཤད་གནང་ཡོད།

    ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ནི་དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེའི་ལག་ལེན་རླབས་པོ་ཆེ་ཞིག་ཡིན་པ་དང་། ལོ་ངོ་བརྒྱའི་ཏང་ཆེན་པོའི་རང་ངོས་གསར་བརྗེའི་གནས་ཚད་གསར་པ་བཏོད་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྔར་ན་མེད་པའི་བློ་སྟོབས་དང་ངེས་ཤུགས་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་བཏང་སྟེ། “མི་བརྒྱ་སྟོང་ལ་ཕོག་ཐུག་གཏོང་དགོས་བྱུང་ཡང་། མི་དུང་ཕྱུར་བཅུ་བཞིའི་རེ་བ་ཆུད་ཟོས་སུ་མི་གཏོང་བའི”འགན་འཁྲི་འཁུར་སེམས་ཐོག་ནས་སྔར་ན་མེད་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་བཏང་སྟེ། རང་ངོས་གསར་བརྗེ་བྱེད་པའི“སྣ་འདུས་ཐབས་བཟང”སྤྱད་ཡོད། དཀའ་སྤྱད་ཞུན་བརྡར་གྱི་ངེས་ཤུགས་ལ་བརྟེན་པས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ལོ་རྒྱུས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ཕྱོགས་མཐའ་ཡོངས་དང་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་པ། ལོ་མང་རིང་བཀག་འགོག་མ་ཐུབ་པའི་བྱ་ངན་སྤྱོད་ངན་འགའ་ཤས་བཀག་འགོག་ཐུབ་པ། ཡུན་རིང་བཅོས་མ་ཐུབ་པའི་གཅོང་ནད་མང་པོ་བསལ་བ། ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་ནང་ཁུལ་དུ་གནས་པའི་མངོན་མེད་རྐྱེན་ངན་ཚབས་ཆེན་མེད་པར་བཟོས་པ། རང་ངོས་གཙང་བཟོ་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེས། རང་ངོས་མཐོར་གཏོང་བཅས་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ལྷུག་ལྷོད་འཇམ་གསུམ་གྱི་གནས་ཚུལ་ལ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་བ། སྤྱོད་བཟང་གཞུང་དྲང་གི་ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་རྒྱུན་ཆད་མེད་པར་ཆགས་པ་དང་འཕེལ་རྒྱས་ཕྱིན་པ་བཅས་བྱུང་ཡོད། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཏང་གི་རང་ངོས་གསར་བརྗེ་སྟེ་ཟིང་འཇགས་དར་རྒུད་ཀྱི་ལོ་རྒྱུས་ཀྱི་དུས་མཚམས་འཁོར་རྒྱ་ནས་ཐར་བའི་ཐབས་ཤེས་གཉིས་པ་དེ་རྙེད་པ་དང་། མི་དམངས་མང་ཚོགས་དང་ཤ་རུས་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་དང་མི་དམངས་ཀྱིས་སྙིང་ཐག་པ་ནས་བརྩི་བཀུར་ཞུ་བའི་ལོ་རྒྱུས་ཀྱི་རང་འགུལ་ཐོབ་པ། ཏང་ཡོངས་ཀྱི་ཚད་མཐོའི་མཐུན་སྒྲིལ་གཅིག་གྱུར་དང་། དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ། མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པ་བཅས་ཀྱི་ལོ་རྒྱུས་ཀྱི་རང་འགུལ་ཐོབ་ཡོད། ལོ་ངོ་བརྒྱའི་འབད་འཐབ་ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས། ཏང་ཕྱི་རོལ་དུ་མི་དམངས་དམངས་གཙོ་འཕེལ་རྒྱས་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱས་པ་དང་། ཏང་ནང་ཁུལ་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རང་ངོས་གསར་བརྗེར་སྐུལ་འདེད་བཏང་བ། བདེན་དོན་མཐའ་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱེད་ཕོད་པ། གྲི་དངོ་རང་གཏད་དང་རུས་གཞོག་དུག་སེལ་བཅས་བྱས་པས། ཏང་འདི་ཉིད་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་དང་ཟམ་མི་ཆད་པར་སྟོབས་ཆེར་འགྲོ་བའི་འགན་ལེན་བྱས་ཡོད།

    “ལྕགས་རྡུང་པར་ཐོ་བ་མཁྲེགས་པོ་དགོས” ཀྲུང་གོའི་བྱ་བ་ཡག་པོ་སྒྲུབ་པའི་འགག་རྩ་ཏང་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཐུག་ཡོད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ནི་ཏང་གི་གསོན་ཤུགས་ནམ་ཡང་འཕེལ་བ་དང་རྒྱུགས་འབུལ་གྱི་ལམ་བུ་གསར་པར་ཡག་པོ་སྐྱོད་ཐུབ་པའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བར་བཀོད་སྒྲིག་གལ་ཆེན་བྱས་ཡོད། ང་ཚོས་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་ཚང་དུ་གཏོང་བ། ཏང་གི་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་གཏོང་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ། རྒྱུན་སྲིང་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མི་སེམས་གོང་བུ་སྒྲིལ་བ། ཏང་གི་རང་ངོས་གསར་བརྗེའི་ལམ་ལུགས་དང་ཚད་ལྡན་མ་ལག་འཐུས་ཚང་དུ་གཏོང་བ། མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་འཁུར་ཐུབ་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ། དགོངས་གཞི་ནན་པོར་གཞིགས་ནས་སྤྱོད་བཟང་སྒྲིག་ནན་མཐའ་འཁྱོངས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་ཀྱི་རྒྱུན་སྲིང་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པ་བཅས་བྱེད་དགོས། མདུན་སྐྱོད་ཀྱི་ལམ་བུར་ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་མི་བརྗེད་པ། རང་ངོས་གསར་བརྗེ་ཕོད་པ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་གནོད་འཚེ་གཏོང་བའི་འགལ་རྐྱེན་མཐའ་དག་ཟམ་མི་ཆད་པར་གཙང་སེལ་བྱེད་པ། ཏང་གི་ལུས་ཕུང་བདེ་ཐང་ལ་གནོད་འཚེ་གཏོང་བའི་ནད་ཀྱི་འབྱུང་རྩ་ཟམ་མི་ཆད་པར་གཙང་སེལ་བཅས་བྱས་ཚེ། ང་ཚོས་ཏང་འདི་ཉིད་དུས་ནམ་ཡང་ངོ་བོ་མི་འགྱུར་བ་དང་། ཁ་དོག་མི་འགྱུར་བ། བྲོ་བ་མི་འགྱུར་བའི་འགན་ལེན་དང་། ཏང་འདི་ཉིད་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རིང་ཐོག་མཐའ་བར་གསུམ་དུ་འགོ་ཁྲིད་ཀྱི་སྲོག་ཤིང་བརྟན་པོ་ཞིག་ཏུ་འགྱུར་བའི་འགན་ལེན་ཐུབ་ངེས་རེད།

    རླབས་ཆེན་གྱི་རྒྱང་ལམ་གསར་པའི་ཐོག ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཏང་གིས་རང་ངོས་གསར་བརྗེར་བརྟེན་ནས་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་གསར་པ་ཐོབ་པར་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་ལེའུ་རྩོམ་དགོས།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་1ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།