དབུ་ཤོག>ཆེད་སྒྲིག
  • ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-10-31

    རྒྱང་ལམ་གསར་པར་མདུན་སྐྱོད་བྱེད། གྲུ་གཡོར་འཕྱར་ནས་སླར་ཡང་སྐྱོད། “ད་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་ཐུབ་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བ་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་དེ་ཡིན”ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་བླང་བྱ་གསར་པ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཐོག་གི་ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་གསལ་པོར་བཏོན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པའི་སྐུལ་སློང་དང་བཀའ་རྒྱ་བཏང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཁྱད་ཆོས་དང་ངོ་བོའི་བླང་བྱ་རྒྱས་བཤད་གཏིང་ཟབ་གནང་ཡོད། ང་ཚོས་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་ནི། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན། དེར་རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་ཐུན་མོང་གི་ཁྱད་ཆོས་ལྡན་ལ། རང་རེའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་བསྟུན་པའི་ཀྲུང་གོའི་ཁྱད་ཆོས་ཀྱང་ལྡན་ཡོད། འདི་ནི་མི་འབོར་གྱི་གཞི་ཁྱོན་ཤིན་ཏུ་ཆེ་བའི་དེང་རབས་ཅན་ཡིན། རང་རྒྱལ་གྱི་མི་འབོར་དུང་ཕྱུར་14ལྷག་ཙམ་ཁྱོན་ཡོངས་ནས་དེང་རབས་ཅན་གྱི་སྤྱི་ཚོགས་སུ་བསྐྱོད་རྒྱུ་ཡིན་སྟབས་གཞི་ཁྱོན་ད་ཡོད་ཀྱི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་མི་འབོར་བསྡོམས་འབོར་ལས་བརྒལ་བ་དང་། དཀའ་ཚེགས་རང་བཞིན་དང་རྙོག་འཛིང་རང་བཞིན་སྔར་བྱུང་མྱོང་མེད་པས། ང་ཚོས་བརྟན་ཐོག་ཡར་འཕེལ་དང་། གོམ་པ་རིམ་སྤོ། རྒྱུན་མཐུད་སྐུལ་འདེད་བཅས་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། འདི་ནི་མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ལྡན་པའི་དེང་རབས་ཅན་ཡིན། ཐུན་མོང་འབྱོར་ཕྱུག་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་པས། ང་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་མངོན་འགྱུར་བྱ་རྒྱུ་དེ་དེང་རབས་ཅན་འཛུགས་སྐྲུན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས།

    འདི་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་གྱི་དེང་རབས་ཅན་ཡིན་ཞིང་། དངོས་པོ་འབེལ་བ་དང་བསམ་པའི་རྒྱགས་ཕྱེ་ཕུན་སུམ་ཚོགས་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྩ་བའི་བླང་བྱ་ཡིན་པས། ང་ཚོས་དངོས་པོ་སྔར་བས་ཕུན་སུམ་ཚོགས་སུ་དང་མིའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས། འདི་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཡིན་ཞིང་། མི་དང་རང་བྱུང་ཁམས་ནི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་ཅིག་ཡིན་པས། ང་ཚོས་བློ་བརྟན་འགྱུར་མེད་ངང་ཐོན་སྐྱེད་གོང་འཕེལ་དང་། འཚོ་བ་འབྱོར་ཕྱུག སྐྱེ་ཁམས་བཟང་བ་བཅས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་དགོས། འདི་ནི་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པའི་དེང་རབས་ཅན་ཡིན་ཞིང་། རང་རྒྱལ་འདི་ཉིད་རྒྱལ་ཁབ་འགའ་ཞིག་བཞིན་དམག་འཁྲུག་དང་། མི་སེར་སྤེལ་བ། འཕྲོག་བཅོམ་སོགས་ཀྱི་ཐབས་ལ་བརྟེན་ནས་དེང་རབས་ཅན་མངོན་འགྱུར་གྱི་ལམ་རྙིང་པར་མི་སྐྱོད་པར། ང་ཚོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་སྲུང་སྐྱོང་བྱེད་རིང་རང་ཉིད་ཀྱི་འཕེལ་རྒྱས་དོན་གཉེར་བྱེད་བཞིན་ཡོད་ལ། རང་ཉིད་ཀྱི་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྔར་བས་སྲུང་སྐྱོང་བྱེད་བཞིན་ཡོད། ལག་ལེན་དངོས་ལས་གསལ་བཤད་བྱས་དོན། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་ཀྲུང་གོའི་ས་གཞི་ཆེ་མོར་གཞི་ཚུགས་པ་དང་ཀྲུང་གོའི་དོན་དངོས་དང་མཐུན་ཡོད། དེ་ཐོག་ནས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད་མངོན་པ་དང་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་མངོན་ནས་མིའི་རིགས་ཀྱིས་དེང་རབས་ཅན་མངོན་འགྱུར་བྱ་ཆེད་གདམ་ག་གསར་པ་ཞིག་མཁོ་འདོན་བྱས་ཡོད། མདུན་སྐྱོད་ཀྱི་ལམ་བུར་ང་ཚོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། མི་དམངས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་བྱེད་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།

    དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་འབྱུང་བཞིན་ཡོད་པ་དང་འཛམ་གླིང་འདི་ཉིད་ཡོ་ལང་དང་འགྱུར་ལྡོག་གི་དུས་སྐབས་གསར་པར་སླེབས་ཡོད། མདུན་སྐྱོད་ཀྱི་ལམ་བུར་རླུང་རླབས་དྲག་པོ་དང་ཐ་ན་རྦ་རླབས་འཇིགས་སུ་རུང་བའི་ཚོད་བགམ་ཆེན་པོ་ཐེག་ཐུབ་པའི་གྲ་སྒྲིག་བྱེད་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། སྒྱུར་བཅོས་སྒོ་དབྱེ་བྱེད་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བཅས་ཀྱི་རྩ་དོན་གལ་ཆེན་ངེས་པར་དུ་ཁོང་དུ་བརྟན་པོ་ཆུད་པར་བྱེད་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་ནས་དཀའ་ངལ་འཕྲད་སྐབས་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་མི་དམངས་ཡོངས་ཀྱི་བློས་འཁེལ་ཤོས་ཀྱི་སྲོག་ཤིང་དུ་འགྱུར་བར་བྱས་ཚེ་གཞི་ནས་ཀུན་སེམས་གཅིག་སྒྲིལ་དང་དུས་ངལ་མཉམ་སེལ་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་ཀྱིས་སྒོ་སྡོམ་མཁྲེགས་བཟུང་གི་ལམ་རྙིང་པར་མི་འགྲོ་ལ་དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུའང་མ་བསྐྱོད་ཚེ་གཞི་ནས་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་གྱི་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཚེ་གཞི་ནས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་བས་མང་ལ་དེ་བས་དྲང་གཞག་ངང་མི་དམངས་ཡོངས་ལ་ཕན་པ་ཐོབ་ཐུབ། སྒྱུར་བཅོས་སྒོ་དབྱེ་བྱེད་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཚེ་གཞི་ནས་རང་རྒྱལ་གྱི་ལམ་ལུགས་ཀྱི་ལེགས་ཆ་དེ་རྒྱལ་ཁབ་བཅོས་སྐྱོང་གི་ཕན་འབྲས་སུ་དེ་བས་ལེགས་པའི་སྒོ་ནས་སྒྱུར་ཐུབ་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་དང་དཀའ་ངལ་འཕྲད་སྐབས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་བསྐྱོད་ཚེ་གཞི་ནས་ཞུམ་མེད་ཀྱི་འཐབ་རྩོད་ལ་བརྟེན་ཏེ་བྱ་གཞག་འཕེལ་རྒྱས་གཏོང་བའི་གནམ་ས་གསར་པ་གཏོད་ཐུབ་པ་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ་དང་ངེས་པར་དུ་ཁོང་དུ་ནན་པོ་ཆུད་པར་བྱེད་དགོས་པའི་རྩ་དོན་གལ་ཆེན་ཕྱོགས་ཡོངས་ནས་སྟངས་འཛིན་བྱེད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་དབར་གྱི་འབྲེལ་བར་གོ་བ་གཏིང་ཟབ་ལེན་པ། སྔ་མ་ནི་ཕྱི་མའི་རིགས་པའི་གཞུང་ལུགས་ཀྱི་འདེགས་སྐྱོར་ཡིན་པར་ངོས་འཛིན་ཐུབ་པར་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བཀོད་ཇུས་ཀྱི་ཚན་རིག་དང་མཐུན་པའི་རང་བཞིན་དང་ལྡོག་མེད་ཀྱི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་དམིགས་ཚད་དང་ལས་འགན་བློ་བརྟན་འགྱུར་མེད་ངང་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་ལེན་པར་བརྩོན་ལེན་ཧུར་ཐག་བྱེད་དགོས།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཐད་མཛད་ཇུས་གལ་ཆེན་དང་འཐབ་ཇུས་བཀོད་སྒྲིག་གཏན་འབེབས་བྱས་ཡོད། འཆར་གཞི་བཀོད་ཟིན་ལ་དུང་བརྡ་ཡང་གྲགས་ཟིན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། བློ་སྟོབས་མི་འགྱུར་བ་དང་འགྲོ་ལམ་མི་སྒྱུར་བའི་ཆོད་སེམས་བརྟན་དུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། སྙིང་སྟོབས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་ཚེ་ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་བརྗིད་ཆེའི་ཕུགས་འདུན་མངོན་འགྱུར་ཐུབ་སྟེ་ཏང་དང་། མི་དམངས། དུས་རབས་བཅས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་འཇོག་ཐུབ་ངེས་རེད་ལ། རྒྱལ་ཁ་དང་གཟི་བརྗིད་དེ་བས་རླབས་ཆེ་བའང་ཐོབ་ངེས་རེད།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་29ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།