ཟླ་10ཚེས་27ཉིན། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་ཏང་ཙུའི་རྒྱ་ཆེའི་ཚོགས་འདུ་དང་ཞིབ་དཔྱོད་ཁང་ཡོངས་ཀྱི་ལས་བྱེད་པའི་ཚོགས་ཆེན་འཚོགས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ལག་བསྟར་དོན་འཁྱོལ་གྱི་བྱེད་ཐབས་ལ་ཞིབ་འཇུག་ཀྱང་བྱས་པ་རེད།
ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའི་ཧྲུའུ་ཅི་ཅན་ཁྲ་ཀྲང་ཤཱ་ཁེ་ཆིན་གྱིས་སྐུལ་སློང་བཀོད་སྒྲིག་གནང་བ་དང་འབྲེལ་བླང་བྱ་ཁ་གསལ་ཡང་བཏོན་གནང་བ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཕྱོགས་ཡོངས་ནས་སློབ་སྦྱོང་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས། སློབ་སྦྱོང་གི་ཚ་རླབས་མགྱོགས་མྱུར་འཕྱུར་བར་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་གོ་བ་ལེན་དགོས། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ“ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བཞིའི”བླང་བྱ་གཞིར་བཟུང་། དགོངས་དོན་གྱི་ངོ་བོ་དང་ལྟེ་བའི་དོན་སྙིང་སློབ་སྦྱོང་དང་གོ་བ་བླངས་ནས་རང་འགུལ་ངང་ལས་དོན་ལ་སྐུལ་འདེད་གཏོང་བའི་བསམ་བློའི་དྲག་ཆས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་བརྩི་དགོས། ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ“དོན་ཆེན་བཞི”དང“འཛུགས་གཏོད་བཞི”ལ་ཤུགས་རྒྱག་པར་དམིགས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་བོད་ཀྱི་ཞིབ་དཔྱོད་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་དང་། ཞིབ་ཕྲའི་བསམ་ཕྱོགས། ལས་ཀའི་བྱེད་ཐབས་བཅས་སུ་ཏན་ཏིག་འགྱུར་བར་བྱེད་དགོས།
ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའི་ཚན་ཁག་གི་ཁོངས་མིས་སྤེལ་རེས་གཏམ་བཤད་བྱས་ཤིང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་ཀྱིས་ཁྲིམས་ལྟར་འགན་འཁྲི་བསྒྲུབས་ཏེ། བོད་ཀྱི་ཞིབ་དཔྱོད་ལས་དོན་གྱི་དེང་རབས་ཅན་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ཁྲིམས་སྐྱོང་གི་འགན་ལེན་བརྟན་པོ་བྱེད་དགོས་ཞེས་བཤད་པ་རེད།