ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ནན་ཏན་བྱས་པ་དང་། ཚང་མས་འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་དང་ལས་འགན་མངོན་འགྱུར་ཡོང་བ་བྱ་ཆེད་འབད་འཐབ་བྱེད་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གཞི་རིམ་གྱི་འཐབ་ས་དང་པོར་རྩ་བ་ཚུགས་པར་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱ་རྒྱུའི་སྟོན་ཕྱོགས་གསལ་པོ་མཐའ་འཁྱོངས་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་དེ་ཏང་གི་འགོ་ཁྲིད་མངོན་འགྱུར་ནུས་ལྡན་བྱེད་པའི་འཐབ་འཛིང་གི་མཁར་རྫོང་བརྟན་པོ་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས་ཞེས་བཏོན་ཡོད། ཉིན་ཤས་བསྟུད་མར་ལྗོངས་ཡོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་གཞོན་ནུའི་སློབ་ཁང་ཆེ་མོ་དང་། དྲ་ཐོག་གི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ། སྤེལ་རེས་དང་བགྲོ་གླེང་ཚོགས་འདུ་སོགས་རྣམ་པ་སྣ་ཚོགས་ཀྱི་སློབ་སྦྱོང་བྱེད་སྒོ་སྤེལ་ནས་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱས་པ་རེད།
རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་འདམ་གཞུང་རྫོང་ཁྲལ་དོན་ཅུས་ཀྱིས་གཞོན་ནུའི་སློབ་ཁང་ཆེ་མོའི་དུས་ཐེངས་དང་པོའི་བྱེད་སྒོ་སྤེལ་ནས་གཞོན་ནུ་ལས་བྱེད་པ་ཚོར་འཁྲུག་ཆ་དོད་ལ་བག་ཕེབས་ཀྱི་ཁོར་ཡུག་ཁྲོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་མྱོང་ཚོར་སྤེལ་རེས་དང་མཉམ་སྤྱོད་བྱེད་དུ་བཅུག་ཡོད། གཉའ་ནང་རྫོང་ཁྲལ་དོན་ཅུས་ཀྱི་ཏང་ཀྲི་པུའི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས“ཁྲལ་དོན་ཤེས་རྟོགས”དཔེ་ཀློག་ཁང་དུ་འཛོམས་ནས་ཚང་མས་རང་ངོས་ཀྱི་སློབ་སྦྱོང་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་བསམ་ཚུལ་དང་མྱོང་ཚོར་ལྷུག་པོར་གླེང་བ་རེད།
གཞོན་ནུ་ཁྲལ་དོན་ལས་བྱེད་པ་ཉི་མ་དོན་གྲུབ་ཀྱིས“དུས་རབས་ཀྱི་འགན་འཁྲི་འཁུར་བཞིན་པའི་གཞོན་ནུ་ལས་བྱེད་པ་ཞིག་ཡིན་པའི་ངས་རང་འཁྲིའི་ལས་གནས་ཐོག་གཞི་ཚུགས་ཏེ། ཏང་གི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱས་ཏེ་ཁྲལ་འཇལ་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ནས་བོད་ཀྱི་ཁྲལ་བསྡུའི་བྱ་གཞག་འཕེལ་རྒྱས་ཆེད་ནུས་པ་གང་ཡོད་འདོན་གྱི་ཡིན”ཞེས་བློ་བརྟན་འགྱུར་མེད་ངང་བཤད།
གཞི་རིམ་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གཟབ་སྦྱོང་མཐིལ་རྟོགས་ཐུབ་པ་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་མང་ཚོགས་ཁྲོད་བསྐྱོད་དེ་སྒྲོག་འགྲེལ་ལས་དོན་སྤེལ་ནས་ཞིང་འབྲོག་མང་ཚོགས་ཀྱིས་གོ་ཐུབ་པ་དང་གོ་བ་ལེན་ཐུབ་པའི་འགན་ལེན་བྱས་པ་རེད།
“ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་དམངས་འཚོར་ཕན་པ་འདོགས་རྒྱུ་དང་དམངས་ལ་དྲོ་སྐྱིད་སྦྱིན་པའི་བྱེད་ཐབས་སྔར་བས་མང་བ་སྤྱད་དེ་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་ཞེས་བཏོན་ཡོད། འདིར་བརྗོད་པའི་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པ་ནི་ཐོན་སྐྱེད་དང་འཚོ་བའི་ཁྲོད་འཕྲད་པའི་དཀའ་གནད་སྣ་ཚོགས་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་རེད” ཕྱུག་པོ་གཞུང་ཤང་ཀླུ་ཆུ་གྲོང་ཚོར་སྐྱོད་སྐབས་གྲོང་ཚོའི་རྒྱང་བསྒྲགས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་ནང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་ཀྱིན་འདུག་ལ། གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་པ་སངས་ཚེ་རིང་གིས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་སྙན་སྒྲོན་ནང་གི་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ནང་དོན་གསལ་བཤད་བྱེད་བཞིན་ཡོད་པ་རེད།
ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན། ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་མགྱོགས་མྱུར་བྱ་སྤྱོད་སྤེལ་བ་དང་སྒྲིག་འཛུགས་ཞིབ་ཚགས་བྱས་པས་ཞིང་འབྲོག་ཁུལ་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྲལ་མར་འཕྱུར་ཡོད།
ཚོགས་ཆེན་གྲོལ་རྗེས་ལྷོ་རོང་རྫོང་གིས་འཕྲལ་དུ་གྲོང་སྡོད་ལས་དོན་གྱི་གནས་སྐབས་ཏང་ཀྲི་པུའུ་སྒྲིག་འཛུགས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་དང་། གྲོང་སྡོད་ལས་དོན་རུ་ཁག་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་སྒྲིག་འཛུགས་བྱས་ཏེ་སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་བྱས་པ་དང་འབྲེལ། ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ལ་གྲོས་བསྡུར་ཡང་བྱས་པ་རེད།