དབུ་ཤོག>ཆེད་སྒྲིག
  • བོད་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་འཕྱུར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-26

    ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་གནས་ཁག་དང་ཚན་པ་ཁག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་རྒྱུ་དེ་དེང་སྐབས་ཀྱི་དོན་ཆེན་ཨང་དང་པོར་བརྩིས་ནས་ཇི་མ་ཇི་བཞིན་སློབ་སྦྱོང་དང་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བྱས་པས་རྣམ་པ་ཟབ་མོ་དང་། རྣམ་པ་གསར་གཏོད། ཚུར་སྣང་ལན་ཆ་ཆེན་པོ་བཅས་བྱུང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་མགྱོགས་མྱུར་འཕྱུར་ཡོད།

    རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་པ་སྣམ་རྫོང་ཁྲལ་དོན་ཅུས་ཀྱིས་སློབ་སྦྱོང་བྱེད་སྟངས་གསར་གཏོད་བྱས་ཏེ། དྲ་ཐོག་གི་བརྙན་ལམ་ཚོགས་འདུའི་རྣམ་པའི་ཐོག་ནས་ཁྲལ་དོན་དང་ཁེ་ལས་མཉམ་སྦྱོང་མཉམ་སྐྲུན་དང་དྲ་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱས་ཏེ“པ་སྣམ་ཁྲལ་དོན་གྱི་མཚན་མོའི་སློབ་གྲྭ”ཞིག་འཚོགས་པ་རེད། སློབ་ཚན་ཐོག་པ་སྣམ་རྫོང་ཁྲལ་དོན་ཅུས་ཀྱིས་རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བ་དང་། རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་ཞིང་པ་ལས་མི། པ་སྣམ་རྫོང་བྱ་འབྲུག་འཐག་ལས་ཁང་གི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་བཅས་ཡིན་པའི་ཆོས་སྒྲོན་དང་མཉམ་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱས་པ་མ་ཟད་སློབ་སྦྱོང་གི་མྱོང་ཚོར་མཉམ་སྤྱོད་ཀྱང་བྱས་པ་རེད། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཞིག་ཡིན་པའི་ངོས་ནས་ཆོས་སྒྲོན་གྱིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་དེང་རབས་ཅན་དང་། འཛམ་གླིང་། འབྱུང་འགྱུར་བཅས་ལ་ཁ་ཕྱོགས་པའི་མི་རིགས་དང་། ཚན་རིག སྤྱི་དམངས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་བ་དང་། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་ཡོད། དེས་ང་ཚོའི་སླད་ཕྱིན་གྱི་ལས་དོན་ལ་ཁ་ཕྱོགས་དང་འགྲོ་ལམ་གསལ་པོ་སྟོན་ཡོད་པས་མི་རྣམས་ཀྱི་ཡིད་ཆེས་སྔར་བས་ཆེ་རུ་དང་སེམས་ཤུགས་སྔར་བས་འཕེལ་སོང་ཞེས་བཤད།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་། ངེས་པར་དུ་འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྲུན་པར་ལྕག་སྐུལ་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ཟམ་མི་ཆད་པར་མངོན་འགྱུར་བྱེད་དགོས་ཞེས་བསྟན་ཡོད། དེའི་ཐད་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཕྱུག་པོ་གཞུང་ཤང་རྐང་བཞི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསྟན་དར་ལ་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས“ཉེ་བའི་ལོ་ཤས་རིང་། མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ནས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2བར་མང་དུ་ཕྱིན་པ་དང་། གྲོང་ཚོའི་མཉམ་ལས་ཁང་ལ་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་100ལྷག་ཙམ་བྱུང་བ་དང་སྒོར་ཁྲི་60ལྷག་ཙམ་བགོ་འགྲེམས་བརྒྱབ་ཡོད། གོམ་སྟབས་རྗེས་མར། རྐང་བཞི་གྲོང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་དར་རྒྱས་དང་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་གི་ཡིན”ཞེས་བཤད།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལས་ལས་རིགས་ཁག་གི་ལས་བྱེད་པར་སྐུལ་མ་ཐེབས་བཞིན་ཡོད་ཅིང་། སློབ་སྦྱོང་བྱས་པ་བརྒྱུད་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོའི་ལས་ཀ་བྱེད་སེམས་སྔར་བས་ཆེ་རུ་ཕྱིན་ཡོད། ནག་ཆུ་གྲོང་ཁྱེར་གྱི་ལས་བྱེད་པ་ཁྲེན་ཡུང་ཧྥན་གྱིས“ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་ཞིབ་པར་བརྗོད་ན། ཞིང་ལས་དང་གྲོང་གསེབ་གཙོ་གནད་དུ་བཟུང་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བར་ཤུགས་སྣོན་རྒྱག་པ་དང་། དམངས་འཚོ་ལེགས་སུ་གཏོང་རྒྱུ་རྩ་བར་བྱས་ནས་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་རྒྱག་པ། མཛེས་སྡུག་ལྡན་པའི་ནག་ཆུ་དམིགས་ཚད་དུ་བྱས་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་ཤུགས་སྣོན་རྒྱག་པ། མང་ཚོགས་ཀྱིས་དོ་ཁུར་བྱེད་རིགས་ཕྱོགས་སྟོན་དུ་བྱས་ནས་དམངས་ཕན་གྱི་བྱ་བ་དངོས་ཡག་པོ་བསྒྲུབ་པར་ཤུགས་སྣོན་རྒྱག་པ་སོགས་ནག་ཆུ་གྲོང་ཁྱེར་གྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ཏེ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། དཀའ་སྤྱད་འབད་བརྩོན་གྱིས་ཞུམ་མེད་མདུན་དུ་བསྐྱོད་ནས་ནག་ཆུ་འདི་ཉིད་བོད་ཀྱི་ས་བབ་མཐོ་ཤོས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར་ཞིག་ཏུ་སྐྲུན་ཆེད་འབད་འཐབ་བྱེད་ཀྱི་ཡིན”ཞེས་བཤད།

    ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱི་ཅུས་ཀྲང་ཧྲའོ་ཞའོ་ཏན་གྱིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་དམངས་འཚོར་ཕན་འདོགས་པ་དང་དམངས་སེམས་དྲོ་བར་བྱེད་པའི་བྱེད་ཐབས་སྔར་བས་མང་བ་སྤྱད་ནས་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་ཡོད། སླད་ཕྱིན། ང་ཚོས་ཞིབ་མཆན་འགོད་པའི་ཞབས་ཞུའི་བརྒྱུད་རིམ་དང་སྤྱི་པའི་ཞབས་ཞུའི་དོན་ཚན་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་། དངོས་ཚན་ཚོམས་ཆེན་གྱི་ཞབས་ཞུ་དམངས་ཕན་ཅན་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་སྒོ་རྩར་ཞབས་ཞུ་དང་། ཐོགས་མེད་བགྲོད་ལམ། དེ་བཞིན་རིན་མི་དགོས་པར་ཚབ་སྒྲུབ་ཞབས་ཞུ་བཅས་ཧུར་ཐག་བྱས་ཏེ། དེ་བས་སྤུས་ལེགས་ནུས་ཆེའི་ཞབས་ཞུར་བརྟེན་ནས་ཏང་གི་དམངས་ཕན་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱེད་ཀྱི་ཡིན་ཞེས་བཤད།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཁྲོད་ཏང་གི་ལས་དོན་གྱི་འགོ་ཁྲིད་དབང་ཆ་ལག་ཏུ་དམ་པོར་འཛིན་པ་དང་། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པའི་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་ཡོད། མངའ་རིས་ས་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་སུན་ཡུང་ཅེས“ང་ཚོས་ཚགས་པར་དང་། རླུང་འཕྲིན་བརྙན་འཕྲིན། དྲ་འཕྲིན། སྐད་འཕྲིན། དུད་སྣེ་སོགས་ཀྱི་ལས་སྟེགས་གང་ལེགས་སྤྱད་དེ་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་དང་། རིམ་ཁག་སྒྲོག་འགྲེལ་པ་ལས་ཁུངས་དང་འབྲོག་ཁུལ་དུ་སྐྱོད་པ་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད། འབྲོག་པ་མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆ་དང་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གངས་ལྗོངས་ས་མཐོའི་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་ཚང་མའི་སེམས་སུ་ཟུག་པར་བྱེད་ཀྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།