དབུ་ཤོག>ཆེད་སྒྲིག
  • བརྟན་པོ་གཙོར་བཟུང་གིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱས་ནས་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སླར་གསོ་ཡོང་བའི་འགན་ལེན་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-26

    རིམས་ནད་མཇུག་འགྲིལ་ལ་ཉེ་བས་རིང་མིན་དུ་རྒྱལ་ཁ་ཐོབ་པར་ངེས། ཟླ་བརྒྱད་པའི་ཟླ་འགོར་རིམས་ནད་ཐོན་པ་ནས་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་སེམས་ནུས་གཅིག་སྒྲིལ་དང་ནུས་ཤུགས་ཡོད་རྒུས་འབད་འཐབ་བྱས་པ་བརྒྱུད། རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ལེགས་སུ་ཕྱིན་ནས་ཉེན་ཁ་ཆེ་འབྲིང་ཁུལ་ཚང་མ་མེད་པར་གྱུར་པ་དང་། སྤྱི་ཚོགས་ཐོག་ཉིན་མང་པོར་ཏོག་གསར་འགོས་པའི་གཏན་འཁེལ་ནད་པ་དང་རྟགས་མེད་ནད་དུག་འགོས་པ་གཅིག་ཀྱང་མང་དུ་ཕྱིན་མེད། ཟླ་10ཚེས་21ཉིན་རང་སྐྱོང་ལྗོངས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་བརྡ་ཐོ་བཏང་ནས་ལྗོངས་ཡོངས་སུ་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་རྒྱུའི་བཀོད་སྒྲིག་བྱས་པ་རེད།

    གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན། དེ་ཐོག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་དང་སྲིད་ཇུས་ནི་རྦད་དེ་ཡང་དག་པ་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད། དེས་ང་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པའི་ཡིད་ཆེས་དང་ཆོད་སེམས་ཟམ་མི་ཆད་པར་བརྟན་དུ་ཕྱིན་ཏེ། ལྗོངས་ཡོངས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་ངང་སླར་གསོ་ཡོང་ཆེད་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་ཡོད། མིག་སྔའི་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཡང་དག་ཆུད་པར་བྱས་ནས། མུ་མཐུད་གནད་སྨིན་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག་གོ་རིམ་ལྡན་པའི་སྒོ་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་དང་མི་དམངས་ཀྱི་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་བྱེད་རྒྱུ་དེ་ནི་མིག་སྔའི་ང་ཚོའི་མདུན་དུ་འཕྲད་པའི་ལས་འགན་གལ་ཆེན་ཞིག་རེད།

    གྲུབ་འབྲས་བརྟན་དུ་གཏོང་བ་ནི་རྨང་གཞི་ཡིན། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་པ་ནི། ཁྱད་པར་མེད་པའི་སྒོ་ནས“བཀག་སྡོམ་གློད་པ”ཞིག་མིན་ལ། ལྷོད་གཡེང་བྱས་ནས་དོགས་ཟོན་མི་བྱེད་པར“རང་ཉིད་ཀྱི་གང་འདོད་ལྟར”བྱེད་པ་དེ་བས་ཀྱང་མིན། རིམས་ནད་སྔོན་འགོག་དང་ཚོད་འཛིན་ནི་རྒྱུན་གཏན་གྱི་འཚོ་བའི་སྒྲིག་ལམ་ཕྱོགས་ཡོངས་དང་། གོ་རིམ་ལྡན་པ། རྒྱུན་གཏན་བཅས་ཀྱི་སྒོ་ནས་སླར་གསོ་བྱེད་པའི་རྨང་གཞི་ཡིན་པས་ལྷོད་གཡེང་དང་སྣང་ཆུང་གཏན་ནས་བྱེད་རྒྱུ་མེད། དེར་བརྟེན་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་མུ་མཐུད་དོན་འཁྱོལ་ནན་པོ་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་འགོག་དང་ཚོད་འཛིན་གནད་སྨིན་བྱེད་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་བརྟན་པོ་ཡོང་བའི་རྨང་གཞིའི་སྟེང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་ཡོང་བའི་འགན་ལེན་བྱེད་དགོས།

    བདེ་འཇགས་དང་གོ་རིམ་ལྡན་པ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན། གོ་རིམ་ལྡན་པ་ཟེར་བ་ནི་ཡུལ་བབ་དང་བསྟུན་པ་དང་དངོས་ཐོག་བདེན་འཚོལ་གྱིས་ས་ཁོངས་དབྱེ་བ་དང་གོ་རིམ་ལྡན་པའི་སྒོ་ནས་སྒྲིག་འཛུགས་དང་ལག་བསྟར་བྱེད་དགོས་པ་དེ་རེད། དོ་དམ་ཚོད་འཛིན་གྱི་བྱེད་ཐབས་གོམ་སྟབས་བརྟན་པོས་མེད་པར་བཟོ་བ་ནས་ལས་ཐོན་བསྐྱར་ཚུགས་དང་སློབ་འགོ་བསྐྱར་ཚུགས་ལ་སྐུལ་འདེད་གཏོང་བའི་བར་དང་། མི་སྣ་གོ་རིམ་ལྡན་པའི་ངང་འགྲོ་སྐྱོད་ལ་ཁྲིད་སྟོན་བྱེད་པ་ནས་དངོས་ཟོག་སྐྱེལ་འདྲེན་གྱི་ཐབས་ལམ་ཟམ་མི་ཆད་པར་ཤར་བགྲོད་ཐུབ་པའི་བར་དུ་གྲོང་ཁྱེར་དང་ས་ཁུལ་ཁག་དང་ལས་རིགས་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། རིམ་དབྱེ་དང་རིགས་དབྱེའི་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁ་གསལ་བཟོ་བ་དང་། ཧེ་བག་ཅན་གྱི་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་སླར་གསོའི་བྱེད་ཐབས་བཟོ་བ། མགྱོགས་ལ་བརྟན་པ་དང་། འཆར་གཞི་ཡོད་པ། གོ་རིམ་ལྡན་པ། ལྷུ་ཚིགས་དབྱེ་བ་བཅས་ཀྱི་ཐོག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཏེ། གོམ་པ་རིམ་བགྲོད་ཀྱིས་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་ཡོང་བའི་ལས་དོན་ཁག་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།

    ཞབས་ཞུ་འགན་སྲུང་ནི་འགག་རྩ་ཡིན། མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཁེ་ཕན་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ཚེ་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་པའི་སྒུལ་ཤུགས་ཆེན་པོ་གོང་བུར་འགྲིལ་ཐུབ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྔོན་ལ་ཞབས་འདེགས་ཞུ་བ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ནས། དམངས་འཚོའི་མཐའ་ཚད་མཐའ་གཅིག་ཏུ་བརྟན་སྲུང་དང་། བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་རྒྱུར་དམིགས་པ། སྲིད་ཇུས་དྲིལ་བསྒྲགས་དང་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ། ལས་ཐོན་བསྐྱར་ཚུགས་དང་། སློབ་འགོ་བསྐྱར་ཚུགས། ཁྲོམ་ར་སླར་གསོ་བཅས་ཡོང་ཆེད“ཚོང་ཁང་གི་ལས་སྒྲུབ་པ”དང“ཞབས་ཞུ་བ”ཡག་པོ་བྱེད་དགོས། སྲིད་ཇུས་ལ་འགྲེལ་བཤད་ཡག་པོ་རྒྱག་པ་དང་སྤྱི་ཚོགས་ཀྱི་དོ་ཁུར་ལ་རང་འགུལ་ངང་ལན་བརྒྱབ་ནས། རྒྱ་ཆེའི་མང་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་དང་རང་ངོས་འགོག་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མི་སྒེར་གྱི་འགོག་སྲུང་འཛིང་རགས་དང་ཁྱིམ་ཚང་གི་འགོག་སྲུང་འཛིང་རགས་མུ་མཐུད་བརྟན་དུ་གཏོང་བ། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་པའི་མང་ཚོགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་བཅས་བྱེད་དགོས།

    ད་ཐེངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་རང་ལྗོངས་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། “ཕྱི་ནས་མི་འགོས་པ་དང་ནང་དུ་བསྐྱར་ལོག་མི་ཐེབས་པའི”སྤྱིའི་ཐབས་ཇུས་དང“སྐབས་བསྟུན་གཙང་བཟོའི”སྤྱིའི་བྱེད་ཕྱོགས་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་མཐའ་འཁྱོངས་བྱས་ཏེ། “རིམས་ནད་སྔོན་འགོག་ཐུབ་པ་དང་། དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་བརྟན་པོ་ཡོང་བ”བཅས་ཀྱི་དམིགས་ཚད་དང་བླང་བྱ་གཞིར་བཟུང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་དམ་འཛིན་ཞིབ་ཚགས་དང་ཏན་ཏིག་བྱེད་པ་དང་། བདེ་ཐང་བཤེར་རྟགས་བཤེར་བ་དང་། ཚ་བ་ལྟ་བ། ཉིང་སྐྱུར་བརྟག་དཔྱད་སོགས་ཀྱི་ལས་དོན་ཁག་དོན་འཁྱོལ་ནན་པོ་བྱེད་པ། སྔ་ཙམ་ཤེས་རྟོགས་དང་མགྱོགས་མྱུར་ཐག་གཅོད་ཏན་ཏིག་བྱེད་པ། གཞི་ཁྱོན་ཆེ་བའི་རིམས་ནད་བསྐྱར་ལོག་མི་ཐེབས་པའི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོ་སྲུང་བ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཉིས་ཀར་རྒྱལ་ཁ་ཐོབ་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།