གོང་ཚེས་ཉིན་གྱི་སྔ་དྲོ་བོད་དུ་ཡོད་པའི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་ཕྱིའི་གསར་འགོད་པའི་ཐུག་འཕྲད་ཚོགས་འདུ་གསན་གཟིགས་གནང་བ་དང་འབྲེལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་ནན་ཏན་ངང་གསན་པ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཕུར་བུ་དོན་གྲུབ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཤའོ་ཡིའུ་ཚའེ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཟླ་བ་ཚེ་རིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས། ཁྲིམས་ཁང་། ཞིབ་དཔྱོད་ཁང་། བོད་དམག་ཁུལ་ཁང་། དྲག་ཆས་ཉེན་རྟོག་དཔུང་སྡེ་སོགས་ཞིང་ཆེན་དང་ཅུན་རིམ་པའི་འགོ་ཁྲིད་བློ་མཐུན་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རའི་ལྟ་ཉན་བྱེད་སྒོར་ཞུགས་པ་རེད།
ཚང་མས། བློ་མཐུན་ཞི་ཅིན་ཕིང་སླར་ཡང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བ་དེ་ཐོག་ནས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་གང་ལེགས་མཚོན་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་གི་ཡིན། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། མཐུན་སྒྲིལ་འབད་འཐབ་དང་སེམས་ནུས་གཅིག་ཏུ་བསྒྲིལ་བ། དུས་རབས་གསར་པར་རྣམ་པ་གསར་པ་མངོན་པ་དང་བྱས་རྗེས་གསར་པ་འཇོག་པ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ཧུར་ཐག་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་གསུངས་པ་རེད།
དབང་ཧའེ་ཀྲོའུ་ཡིས། མིག་སྔ་དང་སླད་ཕྱིན་དུས་རབས་ཤིག་རིང་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱ་རྒྱུ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་དང་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྤྱི་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཁྱབ་སྤེལ་བྱེད་ཐབས་རྒྱ་ཆེར་གཏོང་བ་དང་དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མི་ཚང་མར་བརྒྱུད་བསྒྲགས་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཐོག་གཅིག་འགྱུར་བྱས་ནས་དད་སེམས་དང་ཡིད་ཆེས་ཆེ་རུ་གཏོང་བ་དང་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་འབྱུང་འགྱུར་ལོ་5དང་ཐ་ན་དུས་ཚོད་དེ་བས་རིང་བའི་མཛད་ཇུས་གལ་ཆེན་དང་དམིགས་ཚད་ལས་འགན་ལ་གཅིག་སྡུད་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་དང་ཟུང་འབྲེལ་གྱིས་རང་ས་གནས་དང་རང་སྡེ་ཚན་གྱི་ཕྱི་ལོ་དང་སླད་ཕྱིན་ལོ་ལྔའི་ལས་ཀའི་འཆར་འགོད་ཞིབ་འཇུག་ནན་ཏན་གྱིས་བཟོས་ཏེ་བྱ་གཞག་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
ཚོགས་ཆེན་གྱིས་ད་དུང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་འབྲེལ་ཡོད་ལས་དོན་ལ་བཀོད་སྒྲིག་ཀྱང་བྱས་པ་རེད།