དབུ་ཤོག>ཆེད་སྒྲིག
  • འགན་འཁྲི་དང་ལས་འགན་ཕྲག་ཏུ་ཁུར་ནས་བྱ་གཞག་རླབས་པོ་ཆེ་གསར་པ་གཏོད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-10-25

    དུས་གཏན་བྱ་གཞག་རླབས་པོ་ཆེའི་གཅིག་རྒྱུན་གཅིག་གིས་འཛིན། ལོ་ངོ་བརྒྱ་ཡི་ཏང་ཆེན་པོའི་ལང་ཚོ་དར་ཞིང་རྒྱས། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་བདམས་ཐོན་བྱུང་བ་དང་། བློ་མཐུན་ཞི་ཅིན་ཕིང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བསྐོ་གཞག་གནང་བ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་མྱོང་བའི་བློ་མཐུན་ཁག་གཅིག་ཏང་ཀྲུང་དབྱང་གི་འགོ་ཁྲིད་ལས་གནས་ནས་བབས་གནང་བ། སྤྱོད་ཡོན་གཉིས་ལྡན་དང་། ལོ་ན་གཞོན་ལ་སེམས་ཤུགས་ཆེ་བ། ཉམས་མྱོང་ཕུན་སུམ་ཚོགས་པ་བཅས་ཀྱི་འགོ་ཁྲིད་ལས་བྱེད་པ་ཁག་གཅིག་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་སུ་བཀོད་སྒྲིག་གནང་ཡོད། འདི་ནི་ཏང་ཡོངས་ཀྱི་ངོས་འཛིན་གཅིག་ཏུ་མཐུན་པ་དང་། མི་དམངས་ཀྱི་རེ་སྒུག་མཚོན་པ། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཡིད་ཆེས་བརྟན་པོ་བྱེད་འོས་པ་བཅས་ཀྱི་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་ཅིག་རེད་ལ། ཆབ་སྲིད་སྲ་བརྟན་དང་། མཐུན་སྒྲིལ་གཅིག་གྱུར། གསོན་ཤུགས་ཆེ་བ་བཅས་ཀྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཡུན་རིང་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པར་བྱེད་ཐུབ་པའི་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་ཅིག་ཀྱང་རེད། འདེམས་བསྐོ་གནང་འབྲས་ལས་ཏང་ཡོངས་ཀྱི་ཐུན་མོང་གི་བསམ་ཚུལ་གང་ལེགས་མཚོན་པ་དང་། མི་དམངས་དུང་ཕྱུར་མང་པོའི་ཐུན་མོང་གི་བསམ་འདུན་གང་ལེགས་མཚོན་པ་མ་ཟད། ད་དུང་རང་རེའི་ཏང་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། དར་ཞིང་རྒྱས་པ། འབད་འབུངས་ཡར་བརྩོན་ཆེ་བ་བཅས་ཡིན་པའང་གང་ལེགས་མཚོན་གྱི་ཡོད། མདུན་དུ་སྐྱོད་པའི་འགྲོ་ལམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་འཁྲིད་དེ་ལོ་རྒྱུས་ཀྱི་གདེང་ཚོད་བརྟན་གཏོང་དང་། ལོ་རྒྱུས་ཀྱི་རང་འགུལ་བྱེད་ཤུགས་ཆེར་གཏོང་། འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བཅས་གནང་ཁར། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་ཀྱིས་ཀྲུང་གོ་འཕེལ་རྒྱས་དང་ཡར་རྒྱས་ཡོང་བར་བྱེད་པའི་ལས་དབང་འདི་རང་ཉིད་ཀྱི་ལག་ཏུ་བརྟན་པོར་འཛིན་ཐུབ་པར་གནང་ངེས་རེད།

    ཏང་གི་ཚོགས་ཆེན་ཉི་ཤུ་པས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་བརྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་གནང་བ་དང་། འབྱུང་འགྱུར་སྐབས་ཤིག་རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་དམིགས་ཚད་ལས་འགན་དང་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་གནང་བ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཉམས་ཆེ་བའི་འཆར་གཞི་བཀོད་གནང་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་རྒྱལ་ཁའི་ངང་འཚོགས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་སྔར་བས་གསལ་པོར་བསྟན་པ་དང་། རང་རེའི་ཏང་གིས་མི་དམངས་དུང་ཕྱུར་མང་པོའི་སྣེ་འཁྲིད་དེ་མཐུན་སྒྲིལ་འབད་འཐབ་བྱེད་པར་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་གལ་ཆེན་བཏིང་བ། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་ཕྱོགས་ཡོངས་ནས་ལག་བསྟར་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་པར་ཆབ་སྲིད་ཀྱི་འགན་ལེན་དང་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་གནང་ཡོད་པ་ལས། རང་རེའི་ཏང་ནི་ཐོག་མའི་བསམ་འདུན་དང་ལས་འགན་བརྟན་སྲུང་བྱེད་མཁན་དང་། དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་མཁན། མི་དམངས་ཀྱི་བརྩི་བཀུར་མཐའ་གཅིག་ཏུ་ཐོབ་པ། ཇི་སྲིད་བར་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཞིག་ཡིན་པ་གསལ་པོར་མཚོན་གྱི་ཡོད།

    སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩ་ཏང་ལ་ཐུག་ཡོད། མིག་སྔར་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་འཕེལ་འགྱུར་ཕྱིན་ཏེ། རང་རྒྱལ་གྱི་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་འགྲན་སློང་མཉམ་དུ་གནས་པ་དང་། ངེས་གཏན་མེད་པ་དང་ཚོད་དཔག་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བའི་དུས་སྐབས་ཤིག་ཏུ་སླེབས་ཡོད། རྙོག་འཛིང་དང་ཛ་དྲག་ཆེ་བའི་རྒྱལ་ཁབ་ཕྱི་ནང་འཕེལ་རྒྱས་ཀྱི་ཁོར་ཡུག་འོག སྔར་ལས་ལྷག་པའི་སྒོ་ནས་འགན་འཁྲི་དང་ལས་འགན་ཕྲག་ཏུ་ཁུར་ཏེ་བྱ་གཞག་རླབས་པོ་ཆེ་གསར་པ་གཏོད་པར། རང་རེའི་ཏང་ལ་ངེས་པར་དུ་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་ཅིག་དགོས། ཏང་གིས་བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གནས་བབ་གཏན་འཁེལ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་གནང་བ་ནི། དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པ་ཞིག་རེད། “གཏན་འཁེལ་གཉིས”ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་གྲུབ་འབྲས་གལ་ཆེ་ཤོས་དང་། དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་སྐྱོད་པར་སྣེ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་འགན་ལེན། དཀའ་ཉེན་ཐམས་ཅད་ལས་རྣམ་པར་རྒྱལ་བ་དང་ངེས་གཏན་མེད་པའི་རང་བཞིན་མཐའ་དག་ལ་ཁ་གཏད་གཅོག་པའི་གཏན་འཁེལ་རང་བཞིན་ཆེ་ཤོས་དང་། གདིང་ཤུགས་ཆེ་ཤོས། འགན་ལེན་ཆེ་ཤོས་བཅས་རེད། དེས་ན་ང་ཚོས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་གཏོང་བ་དང་། སྔར་ལས་རང་རྟོགས་ཀྱི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གནས་བབ་ལ་སྲུང་སྐྱོང་། སྔར་ལས་རང་རྟོགས་ཀྱི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གནང་བའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཡོང་བ་བཅས་བྱས་ཏེ། སེམས་པ་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མཉམ་ཤུགས་ཧ་ཅང་ཆེན་པོ་ཆགས་པར་བྱེད་དགོས།

    མཐུན་སྒྲིལ་བྱས་ན་གཞི་ནས་རྒྱལ་ཁ་འཐོབ། འབད་འཐབ་བྱས་ན་གཞི་ནས་ལམ་ལྷོངས་ཡོང་། ང་ཚོས་མཐུན་སྒྲིལ་འབད་འཐབ་བྱས་ནས་འོད་སྟོང་འཕྲོ་བའི་ལོ་རྒྱུས་བཏོད་ཡོད་ལ། མུ་མཐུད་མཐུན་སྒྲིལ་འབད་འཐབ་བྱས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡང་གཏོད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན། “གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ། ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ། ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ། རང་རྟོན་རང་སྟོབས་དང་གཞུང་འཁྱོངས་གསར་འབྱེད་བཅས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེ་བས་ངོ་མཚར་ཆེ་བའི་ལེའུ་རྩོམ་དགོས་པ་དང་། རྒྱུགས་འབུལ་ལམ་བུར་མི་རྣམས་ཀྱིས་མིག་ཕྱིས་ནས་ཡང་ཡང་ལྟ་བའི་ངོ་མཚར་གསར་པ་མུ་མཐུད་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།