དབུ་ཤོག>ཆེད་སྒྲིག
  • མཐུན་སྒྲིལ་འབད་འཐབ་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེ་བས་ངོ་མཚར་ཆེ་བའི་ལེའུ་རྩོམ་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-10-24

    བསམ་བློའི་དར་ཆ་འཕྱར་ནས་ཁ་ཕྱོགས་སྟོན། ཡང་དག་ལམ་བུར་བསྐྱོད་ནས་ལེའུ་གསར་རྩོམ། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གྲོས་རིམ་ཁག་དང་བླ་ན་མེད་པའི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་པེ་ཅིང་དུ་རྒྱལ་ཁའི་ངང་གྲོལ་བ་རེད། ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུ་འགྲིམ་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བྱ་གཞག་རླབས་པོ་ཆེར་བརྩོན་སེམས་སྐྱེད་པ། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་དོན་གཉེར་ལ་འབད་བརྩོན་བྱེད་པ་བཅས་ཀྱི་མར་ཁེ་སི་རིང་ལུགས་སྲིད་ཏང་གིས་འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འབད་འབུངས་མདུན་སྐྱོད་ཀྱི་དུང་བརྡ་བཏང་ཡོད།

    ཏང་གི་ཚོགས་ཆེན་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་སྐྱོད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔུང་འཇུག་བྱེད་པའི་འགག་རྩའི་དུས་སུ་འཚོགས་པའི་ཚོགས་ཆེན་གལ་འགངས་ཤིན་ཏུ་ཆེན་པོ་ཞིག་རེད། ཚོགས་ཆེན་ཐོག་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་སྐོར་གྱི་གྲོས་ཆོད་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》སྐོར་གྱི་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་ཡོད། འདི་ནི་དར་ཆ་མཐོར་སྒྲེང་དང་། སྟོབས་ཤུགས་གཅིག་སྒྲིལ། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་དང་། ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཁྲོད་ལོ་རྒྱུས་ཀྱི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་ཞིག་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གནང་བའི་ཐབས་ཇུས་བཀོད་སྒྲིག་ཁག་དང་ཐོབ་པའི་གྲུབ་འབྲས་དག་ལས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་པ་བཅས་ལ་མཛུབ་ཁྲིད་དང་འགན་ལེན་གྱི་ནུས་པ་ཧ་ཅང་ཆེན་པོ་ཐོན་ངེས་རེད།

    ཚོགས་ཆེན་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གནང་བའི་སྙན་སྒྲོན་ལ་ཚད་མཐོའི་གདེང་འཇོག་གནང་ཞིང་། སྙན་སྒྲོན་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ཏེ། རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་ལ་དབྱེ་ཞིབ་གནང་བ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་བརྗོད་དོན་གཙོ་བོ་བཏོན་གནང་བ། འདས་ཟིན་པའི་ལོ་ལྔའི་ལས་དོན་དང་དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེར་ཕྱིར་དྲན་དང་ཕྱོགས་སྡོམ་གནང་བ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གནས་ཚད་གསར་པ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གཏོད་པའི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ་སོགས་ཀྱི་གནད་དོན་གལ་ཆེན་རྒྱས་བཤད་གནང་བ། དེ་བཞིན་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་པ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་སྟེ། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་གཏན་འཁེལ་གནང་ཡོད། སྙན་སྒྲོན་དེ་ནི་ཏང་དང་མི་དམངས་ཀྱི་བློ་གྲོས་ལས་བྱུང་བའི་ཉིང་བཅུད་དང་། ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན། མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་བཅས་རེད།

    ཚོགས་ཆེན་ཐོག་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཚད་མཐོའི་གདེང་འཇོག་དང་དུས་རབས་གསར་པར་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེར་ཚད་མཐོའི་གདེང་འཇོག་གནང་ཞིང་། འདས་ཟིན་པའི་ལོ་ལྔ་དང་དུས་རབས་གསར་པ་ཚུན་གྱི་ལོ་བཅུ་ནི། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རིམ་ཁྲོད་དུ་རྒྱུན་གཏན་དང་སྤྱིར་བཏང་གཏན་ནས་མ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་སྤྱི་འདོམས་དང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་ཕྱོགས་ཡོངས་ནས་ལག་བསྟར། འཐབ་རྩོད་རླབས་པོ་ཆེ་དང་། འདུ་འགོད་རླབས་པོ་ཆེ། བྱ་གཞག་རླབས་པོ་ཆེ། ཕུགས་འདུན་རླབས་པོ་ཆེ་བཅས་ལ་གཅིག་འདོམས། ལོ་རྒྱུས་ཀྱི་རང་འགུལ་གྱི་སྙིང་སྟོབས་རླབས་པོ་ཆེ་དང་། ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ། འགན་འཁྲི་འཁུར་སེམས་ཆེན་པོ་བཅས་ལ་བརྟེན་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། འཐབ་ཇུས་རང་བཞིན་གྱི་བྱ་ཐབས་རབ་དང་རིམ་པ་སྤྱད་ནས་འཕོ་འགྱུར་རང་བཞིན་གྱི་ལག་ལེན་རབ་དང་རིམ་པར་སྐུལ་འདེད་བཏང་བས། འགག་སྒྲོལ་རང་བཞིན་གྱི་འཕེལ་རྒྱས་རབ་དང་རིམ་པ་བྱུང་བ་དང་། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་པ། དུས་ཡུན་རིང་པོར་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་བསལ་བ། ཕུགས་དང་འབྲེལ་བ་ཡོད་པའི་དོན་ཆེན་དང་གལ་ཆེའི་ལས་དོན་མང་པོ་བསྒྲུབས་པ། ཆབ་སྲིད་དང་། དཔལ་འབྱོར། འདུ་ཤེས་འཛིན་སྟངས། རང་བྱུང་ཁམས་སོགས་ཀྱི་ཉམས་ཉེན་དང་འགྲན་སློང་ཉམས་སད་ཐེག་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་འབྲས་རླབས་པོ་ཆེ་བཏོད་པ་བཅས་ལས། རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་ལྡོག་ཐབས་བྲལ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཡོད། དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ་ནི་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་ངོས་ནས་བརྗོད་ན་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པ་ཞིག་རེད།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། དེ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་བླ་སྲོག་ལྟ་བུ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་། རིགས་པའི་གཞུང་ལུགས་འཚོལ་ཞིབ་དང་གསར་གཏོད་བྱེད་ཕོད་པ། མཐོང་རྒྱ་གསར་པའི་ཐོག་ནས་གུང་ཁྲན་ཏང་གི་སྲིད་སྐྱོང་གི་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་བྱེད་ཟབ་ཏུ་གཏོང་བ། རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་བཅས་བྱུང་བ་དེ་དག་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཅིག་སྡུད་ཐོག་མངོན་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་བཏོན་པའི“ཁ་གསལ་བཅུ”དང་། “མཐའ་འཁྱོངས་བྱེད་དགོས་པ་བཅུ་བཞི” “ཕྱོགས་བཅུ་གསུམ་ཐད་ཀྱི་གྲུབ་འབྲས”བཅས་ཀྱིས་དགོངས་པ་དེའི་ནང་དོན་གཙོ་བོ་རགས་བསྡུས་བྱས་ཡོད་པས། ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་འཕེལ་རྒྱས་གཏོང་དགོས། རིགས་པའི་གཞུང་ལུགས་གསར་གཏོད་འདི་ལས་ཀྲུང་གོའི་དྲི་བ་དང་། འཛམ་གླིང་གི་དྲི་བ། མི་དམངས་ཀྱི་དྲི་བ། དུས་རབས་ཀྱི་དྲི་བ་བཅས་ལ་ཚན་རིག་དང་མཐུན་པའི་ལན་བཏབ་ཡོད། དེ་ནི་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་། དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་སྙིང་བཅུད་བཅས་རེད། དེ་ལས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱུང་ནས་དུས་རབས་ཉེར་གཅིག་པའི་ཀྲུང་གོ་ནས་ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་གསོན་ཤུགས་དང་སྐྱེ་སྟོབས་རབ་ཏུ་རྒྱས་པར་བྱུང་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ལེའུ་གསར་པ་ཟམ་མི་ཆད་པར་རྩོམ་རྒྱུ་ནི་དེང་རབས་ཀྱི་ཀྲུང་གོ་གུང་ཁྲན་ཏང་མིའི་གཟི་བརྗིད་ཆེ་བའི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན་ཞེས་གསལ་པོར་བཏོན་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་གྱི་ལྟ་བ་དང་བརྟག་ཐབས་སྨྲ་བར་སྟངས་འཛིན་ཡག་པོ་བྱེད་པ་དང་། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་མཐའ་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པ། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས། རང་རྟོན་རང་ཚུགས་མཐའ་འཁྱོངས། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། མ་ལག་གི་འདུ་ཤེས་མཐའ་འཁྱོངས། གནམ་འོག་ཁོང་ཆུད་མཐའ་འཁྱོངས་བཅས་བྱས་ཏེ། ལག་ལེན་གྱི་རྨང་གཞིའི་ཐོག་གི་རིགས་པའི་གཞུང་ལུགས་གསར་གཏོད་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གོ་རྟོགས་གསར་པ་གཏོད་དགོས།

    “གཏན་འཁེལ་གཉིས”ནི་དུས་རབས་གསར་པར་ཏང་ལ་ཐོབ་པའི་ཆབ་སྲིད་ཀྱི་གྲུབ་འབྲས་གལ་ཆེན་དང་། དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་བསྐྱོད་རྒྱུར་སྣེ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་འགན་ལེན། དཀའ་ཉེན་ཐམས་ཅད་ལས་རྣམ་པར་རྒྱལ་བ་དང་གཏན་འཁེལ་མེད་པའི་རང་བཞིན་མཐའ་དག་ལ་ཁ་གཏད་གཅོག་པའི་གཏན་འཁེལ་རང་བཞིན་ཆེ་ཤོས་དང་། གདིང་ཤུགས་ཆེ་ཤོས། འགན་ལེན་ཆེ་ཤོས་བཅས་རེད། དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་དོན་རྩ་བའི་ཐོག་ནས་བརྗོད་ན། བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གནས་བབ་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱས་པ་ལས་བྱུང་བ་ཞིག་རེད། ཏང་ཡོངས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གོ་བ་གཏིང་ཟབ་ལོན་པར་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་གཏོང་བ། བློ་བརྟན་འགྱུར་མེད་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།

    “ད་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་རེད” ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུའི་བླང་བྱ་གསར་པ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་དགོས་པའི་ཐད། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་གི་ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་དང་ལས་འགན་གསལ་པོར་བཏོན་ཡོད། དུས་རབས་གསར་པར་སླེབས་ཚུན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཏང་གི་ངོས་འཛིན་ཟམ་མི་ཆད་པར་ཟབ་ཏུ་སོང་བ་དང་། འཐབ་ཇུས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་བ། ལག་ལེན་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་སོང་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་བདེ་བླག་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་ཡོད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ཀྲུང་གོའི་ས་གཞི་ཆེ་མོར་རྩ་བ་ཚུགས་པ་དང་ཀྲུང་གོའི་དོན་དངོས་དང་མཐུན་པ་མ་ཟད། མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་ནས། མིའི་རིགས་ཀྱིས་དེང་རབས་ཅན་མངོན་འགྱུར་བྱ་རྒྱུར་གདམ་ག་གསར་པ་མཁོ་འདོན་བྱས་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་གཞི་ཆེན་སྒོ་ནས་རྒྱང་ལྟ་བྱས་ཏེ། འབྱུང་འགྱུར་ལོ་ལྔའི་འཐབ་ཇུས་ཀྱི་ལས་འགན་དང་བྱེད་ཐབས་གལ་ཆེན་གཙོ་གནད་ཐོག་བཀོད་སྒྲིག་བྱས་ཡོད། འབྱུང་འགྱུར་ལོ་ལྔ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་འཛུགས་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པས། ལོ་ལྔ་པོ་འདིའི་རིང་འཕེལ་རྒྱས་ཡག་པོ་ཡོང་བར་བྱ་རྒྱུ་དེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུའི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེན་པོ་ཞིག་རེད། དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འཕོ་འགྱུར་ཆེན་པོ་མགྱོགས་མྱུར་འབྱུང་བཞིན་ཡོད་པ་དང་འཛམ་གླིང་འདི་འཕོ་འགྱུར་གསར་པ་བྱུང་བའི་དུས་སྐབས་སུ་སླེབས་ཡོད། ང་ཚོས་ངེས་པར་དུ་རྗེས་ཡོང་སྔོན་དྲན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས། བདེ་སྡོད་ཉེན་བསམ་དང་རྐྱེན་མ་བྱུང་གོང་ནས་བཟློག་ཐུབ་པ་བཅས་བྱས་ཏེ། དྲག་ཆར་རླུང་འཚུབ་དང་ཐ་ན་འཇིགས་སྣང་ཆེ་བའི་རྦ་རླབས་ཀྱི་ཚོད་བགམ་ཆེན་པོ་ཐེག་རྒྱུའི་གྲ་སྒྲིག་བྱེད་དགོས། མདུན་སྐྱོད་ཀྱི་ལམ་བུར་ང་ཚོས“ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ”དང་། “ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས” “མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས” “སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས” “འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས”བཅས་ཀྱི་རྩ་དོན་གལ་ཆེན་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། སྒོ་སྡོམ་མཁྲེགས་བཟུང་གི་ལམ་བུ་རྙིང་པར་མི་འགྲོ་ལ་དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུའང་མི་འགྲོ་བ། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་རང་གི་སྟོབས་ཤུགས་ཀྱི་གཞི་རྩར་འཇོག་པ་དང་ཀྲུང་གོ་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་རང་གི་ལག་ཏུ་དམ་པོར་འཛིན་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་ཟམ་མི་ཆད་པར་ལེན་དགོས།

    སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩ་ཏང་ལ་ཐུག་ཡོད། འཛམ་གླིང་ཐོག་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཆེ་ཤོས་ཡིན་པའི་རང་རེའི་ཏང་གིས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བརྩི་བཀུར་ཐོབ་པ་དང་ཡུན་རིང་གི་སྲིད་སྐྱོང་གནས་བབ་སྲ་བརྟན་དུ་གཏོང་དགོས་ན། ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་རྒྱུན་འཁྱོངས་བྱེད་དགོས། ཏང་ཡོངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ནམ་ཡང་ཚར་དུས་མེད་ལ། ཏང་གི་རང་ངོས་གསར་བརྗེ་ཡང་ནམ་ཡང་ཚར་དུས་མེད་པས། ལྷོད་གཡེང་དང་ངལ་གསོ་བ་དང་ངལ་དུབ་དང་དམག་འཁྲུག་ལ་སུན་སྣང་གི་བསམ་ཚུལ་གཏན་ནས་ཡོད་མི་རུང་བར། ངེས་པར་དུ་རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་ཏང་འཛུགས་ཀྱི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བ། ཏང་གི་རང་ངོས་གསར་བརྗེས་སྤྱི་ཚོགས་གསར་བརྗེར་ཁྲིད་སྟོན་བྱེད་པ། ཏང་གི་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་ཡར་རྒྱས་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རང་རེའི་ཏང་གིས་ཐོག་མའི་བསམ་འདུན་དང་ལས་འགན་བརྟན་སྲུང་ཐུབ་པར་བྱེད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་ཞིག་ཏུ་འགྱུར་བར་བྱེད་པར་བློ་ལ་བརྟན་པོར་བཅངས་དགོས།

    སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་རྒྱུ་ནི་རླབས་ཆེ་ཞིང་དཀའ་ཚེགས་ཆེ་བའི་བྱ་གཞག་ཅིག་ཡིན་པས། མདུན་ལམ་འོད་སྟོང་འབར་བ་དང་ལས་འགན་ལྕི་ལ་ལམ་ཐག་རིང་། མཐུན་སྒྲིལ་བྱས་ན་གཞི་ནས་རྒྱལ་ཁ་ཐོབ་པ་དང་འབད་འཐབ་བྱས་ན་གཞི་ནས་ལེགས་འགྲུབ་ཡོང་ཐུབ། མཐུན་སྒྲིལ་འབད་འཐབ་བྱེད་རྒྱུ་ནི་ཀྲུང་གོ་མི་དམངས་ཀྱིས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གཏོད་པར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད། མིག་སྔའི་ལས་འགན་གལ་ཆེ་ཤོས་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། རང་རྟོགས་ངང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བར་བྱེད་པ། ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་པ་བཅས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གོམ་སྟབས་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པར་བྱ་རྒྱུ་དེ་རེད། དུས་རབས་ཀྱིས་ང་ཚོར་འབོད་བརྡ་གཏོང་བ་དང་མི་དམངས་ཀྱིས་ང་ཚོར་རེ་སྒུག་བྱེད་བཞིན་ཡོད་པས། འགྱུར་མེད་དམ་འཇོག་དང་འབད་བརྩོན་ལྷོད་མེད་བྱས་ན་གཞི་ནས་དུས་རབས་དང་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་འགྲོ་མི་སྲིད། དེས་ན་ངེས་པར་དུ་གཅེས་འཛིན་ལྡབ་འགྱུར་གྱིས་ཐོག་མཐའ་བར་གསུམ་དུ“བརྒྱུད་དགོས་ངེས་ཀྱི་ལམ་བུ་ལྔ”མཐའ་འཁྱོངས་བྱས་ཏེ། ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ་ལྟར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བརྗིད་ཉམས་ཆེ་བའི་གྲུ་གཟིངས་ཆེན་པོ་རླུང་བརྟེན་རླབས་གཤགས་ཀྱིས་བརྟན་པོའི་ངང་མདུན་དུ་སྐྱོད་པར་སྣེ་ཁྲིད་དང་འགན་ལེན་བྱེད་དགོས། ངེས་པར་དུ་མི་དམངས་དུང་ཕྱུར་མང་པོའི་གསར་གཏོད་ཀྱི་སྟོབས་ཤུགས་རླབས་པོ་ཆེ་འདོན་སྤེལ་གང་ལེགས་དང་། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་སྐྱོན་བརྗོད་དང་ལྟ་སྐུལ་དང་ལེན། ཐོག་མཐའ་བར་གསུམ་དུ་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་བྱས་ནས་སེམས་པ་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས། ཏང་གིས་འབད་འཐབ་རླབས་པོ་ཆེར་བརྟེན་ནས་ལོ་བརྒྱའི་བྱ་གཞག་རླབས་པོ་ཆེ་བཏོད་ཡོད་ལ། མུ་མཐུད་འབད་འཐབ་རླབས་པོ་ཆེ་གསར་པར་བརྟེན་ནས་བྱ་གཞག་རླབས་པོ་ཆེ་གསར་པ་གཏོད་ཐུབ་ངེས་རེད།

    ལོ་བརྒྱའི་གྲུབ་འབྲས་འོད་སྟོང་རབ་ཏུ་འབར། ལོ་བརྒྱའི་ཏང་ཆེན་པོ་ལང་ཚོ་དར་ཞིང་རྒྱས། དཀའ་སྡུག་དང་འོད་སྟོང་འབར་བའི་སྔོན་ཆད་བརྒྱུད་མྱོང་ལ། ཉིན་རེ་བཞིན་རྣམ་པ་གསར་པར་འགྱུར་བའི་དེང་གི་དུས་སུ་སྐྱོད་པ་དང་མཚར་སྡུག་འོད་སྟོང་འབར་བའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་སྐབས། ཀྲུང་གོ་མི་དམངས་ཀྱི་མདུན་སྐྱོད་ཀྱི་སྒུལ་ཤུགས་སྔར་བས་ཆེ་རུ་དང་། འབད་འཐབ་ཀྱི་སྙིང་སྟོབས་སྔར་བས་ཆེར་སྐྱེད། རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་སྔར་བས་བརྟན་དུ་ཕྱིན་ནས་ལོ་རྒྱུས་ཀྱི་རང་རྟོགས་དང་རང་འགུལ་གྱི་སྙིང་སྟོབས་དེ་བས་འཕེལ་བཞིན་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་འདི་ཉིད་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་གྱུར་པའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེར་ཡིད་ཆེས་ལྡབ་འགྱུར་གྱིས་སྐུལ་འདེད་གཏོང་བཞིན་ཡོད། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་འཛམ་གླིང་སྐྱེ་བོ་ཀུན་གྱིས་ལྟ་སྟངས་གསར་པ་འཛིན་པའི་བྱས་རྗེས་གསར་པ་སྔར་ལས་ཆེ་བ་འཇོག་ཐུབ་ངེས་ཡིན་པ་ང་ཚོར་རྦད་དེ་ཡིད་ཆེས་ཡོད་ལ་ནུས་པའང་ཡོད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་བརྩོན་བྱེད་པ། ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བཅས་བྱས་ཏེ། ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་བཏང་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་མཚར་དེ་བས་ཆེ་བའི་ལེའུ་རྩོམ་དགོས། ང་ཚོས་མཐུན་སྒྲིལ་དང་འབད་འཐབ་ལ་བརྟེན་ནས་འོད་སྟོང་འཕྲོ་བའི་ལོ་རྒྱུས་བཏོད་ཡོད་ལ། མུ་མཐུད་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་ཀྱི་ཡོད། དེས་ན་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། སྟོང་གཏམ་གྱིས་རྒྱལ་དོན་འཕྱུག་པ་དང་དོན་དམ་གྱིས་རྒྱལ་ཁབ་དར་བ་བློ་ལ་བརྟན་པོར་འཆང་བ། ཡིད་ཆེས་བརྟན་གཏོང་དང་། བློ་སེམས་གཅིག་མཐུན། དཀའ་སྤྱད་འབད་བརྩོན། ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།