བྱང་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོར་ལེགས་སྐྱེས་འབུལ་དགོས།
བོད་ཀྱི་ས་བབ་མཐོ་ཤོས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར་ནུས་ཤུགས་ཡོད་རྒུས་སྐྲུན་དགོས།
——ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ནག་ཆུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་ལ་བཅར་འདྲི་ཞུས་པ།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ནག་ཆུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་། ནག་ཆུ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་བ་རེད། ཀྲོང་ཅིན་སུང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་བཅས་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་རེད། ནག་ཆུ་གྲོང་ཁྱེར་གྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས། རང་རྟོགས་ངང་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་བཅས་གཏོང་གི་ཡིན་ཞེས་གསུངས།
ནག་ཆུ་གྲོང་ཁྱེར།
ནག་ཆུའི་མཛེས་ལྗོངས།
ཀྲོང་ཅིན་སུང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ལོ་བཅུའི་རིང་། ནག་ཆུས་མི་རིགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་བློ་བརྟན་འགྱུར་མེད་ངང་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་དང་། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་གི་ལོ་བཅུ་རེད། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་མཐའ་འཁྱོངས་འཛིན་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ། ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་ལས་འགན་ཨང་དང་པོར་བརྩིས་ཏེ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཟབ་ཏུ་གཏོང་བ། ནུས་ཤུགས་ཡོད་རྒུས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་གཏོད་པ། ཁྲིམས་ལྟར་ཆོས་ལུགས་ཀྱི་ལས་དོན་ལ་དོ་དམ་མཐའ་འཁྱོངས་བཅས་བྱས་པས། ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། མི་དམངས་དུས་བདེ་འགན་ལེན་བཅས་ནུས་ལྡན་བྱུང་ཡོད།
ནག་ཆུ་གྲོང་ཁྱེར་བྱང་རྒྱུད་གྲོང་འདབས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གཅིག་སྡུད་གནས་སྤོ་བྱ་ཡུལ་ཡིན་པ།
ཀྲེ་ཅང་གིས་རོགས་སྐྱོར་བྱས་པའི་ནག་ཆུ་གྲོང་ཁྱེར་གྱི་གྲོང་གསེབ་དར་རྒྱས་ཀྱི་ཐོན་ལས་དཔེ་སྟོན་རྟེན་གཞིའི་ཤིང་ཏོག་ངང་ལག་ལྡུམ་ར་ཡིན་པ།
ཀྲོང་ཅིན་སུང་གིས་གསུངས་དོན། ལོ་བཅུའི་རིང་། ནག་ཆུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་དང་། དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་ཕྱིན་པའི་ལོ་བཅུ་རེད། ང་ཚོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དོན་ཆེན་ཨང་དང་པོ་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་པས། ལོ་ངོ་སྟོང་ཕྲག་རིང་གི་དབུལ་པོ་དབུལ་ནག་ལས་རྦད་དེ་བསྒྲལ་ནས། མི་དམངས་མང་ཚོགས་ཀྱི་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།
ནག་ཆུའི་མཛེས་ལྗོངས།
མཚོ་སྔོན་མཚོ་ཡིན་ཞིང་མཚོ་དབུས་སུ་མཚོ་སྔོན་འདབ་ཆགས་གླིང་ཕྲན་ཆགས་པ།
ཀྲོང་ཅིན་སུང་གིས་གསུངས་དོན། ལོ་བཅུའི་རིང་། ནག་ཆུས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་བློ་བརྟན་འགྱུར་མེད་ངང་མཐའ་གཅིག་ཏུ་ལག་བསྟར་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་རྒྱུན་ཆད་མེད་པར་བརྟན་དུ་བཏང་བའི་ལོ་བཅུ་རེད། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་བའི་ཆབ་སྲིད་ཀྱི་འགན་འཁྲི་རང་རྟོགས་ངང་ཁུར་ནས། བོད་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་གསོ་ཁུལ་དང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང(གདང་ལའི་བྱང་རྒྱུད་ཀྱི་ས་ཁོངས)འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། བྱང་ཐང་རྒྱལ་ཁབ་སྤྱི་གླིང་ཧུར་ཐག་སྐྲུན་པ། བྱང་ཐང་ས་མཐོའི་དབུས་རྒྱུད་ཀྱི་མཐོ་གྲང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་ཤུགས་ཆེན། ས་མཐོའི་སྐྱེ་དངོས་རིགས་སྲུང་སྐྱོབ་མཛོད་སྐྲུན་པར་སྐུལ་འདེད་ཤུགས་ཆེན་གཏོང་བ། འབྱུང་འཕྲོད་འཕེལ་རྒྱས་ཀྱི“ནག་ཆུའི་སྤུས་རྟགས”ཧུར་ཐག་གཏོད་པ་བཅས་བྱས་ནས། རྒྱལ་ཁབ་དང་ཐ་ན་གོ་ལ་ཧྲིལ་པོའི་ཆེད་དུ་ཐཱན་ཚད་མཐོ་ཤོས་སུ་སླེབས་རྒྱུར་ནག་ཆུས་འབུལ་འོས་པའི་ལེགས་སྐྱེས་འབུལ་གྱི་ཡིན།