དབུ་ཤོག>ཆེད་སྒྲིག
  • བོད་རང་སྐྱོང་ལྗོངས་ཀྱིས་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་བྱེད་རྒྱུ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-23

    ཟླ་10ཚེས་21ཉིན། རང་སྐྱོང་ལྗོངས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་བརྡ་ཐོ་བཀྲམ་ནས། ལྗོངས་ཡོངས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་བྱེད་པར་བཀོད་སྒྲིག་བྱས་པ་རེད།

    བརྡ་ཐོའི་ནང་བསྟན་དོན། ཟླ་8པའི་ཟླ་འགོར་རིམས་ནད་ཐོན་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཚད་མཐོའི་མཐོང་ཆེན་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཁབ་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ཅུས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བོད་ལྗོངས་ལས་དོན་ཚོགས་ཆུང་གི་མཛུབ་ཁྲིད་ནུས་ལྡན། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་བཅས་ཀྱི་འོག ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་ཀྱིས་དཀའ་སྤྱད་འབད་འཐབ་དང་སྤུན་ཟླའི་ཞིང་ཆེན་གྱི་སྒེར་སེམས་མེད་པའི་རོགས་སྐྱོར་བྱས་ཤིང་། ཚང་མས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་རིམ་བཞིན་ཡག་ཏུ་ཕྱིན་པ་དང་། ལྗོངས་ཡོངས་ཀྱི་ཉེན་ཁ་ཆེ་འབྲིང་ཁུལ་གཙང་བཟོ་ཐུབ་ཅིང་། སྤྱི་ཚོགས་ཐོག་ཉིན་མང་པོར་གཏན་འཁེལ་ནད་པ་དང་ནད་རྟགས་མེད་པའི་ནད་པ་གསར་པ་ཐོན་མེད། རང་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་དང་། སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས། ལྗོངས་ཡོངས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་རྒྱུ་དང་། ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་འགོག་བཅོས་བྱ་ཐབས(པར་གཞི་དགུ་པ)ཀྱི་འབྲེལ་ཡོད་བླང་བྱ་ལྟར། ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་རྒྱུ་སྟེ།

    ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སླར་གསོ་བྱས་ཏེ་སྤྱི་ཚོགས་དང་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བར་བྱེད་རྒྱུ།

    རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཉེན་ཁར་གནད་སྨིན་ཚོད་སྐོར་བྱས་ནས། སྡེ་ཁུལ(སྒོ་ར)ལ་བཀག་སྡོམ་དང་ཕྱེད་བཀག་སྡོམ་ཅན་གྱི་དོ་དམ་ཚོད་འཛིན་བྱེད་ཐབས་གོ་རིམ་ལྡན་པའི་ངང་གློད་རྒྱུ་དང་། གྲོང་མིའི་ཁུལ་ཆུང(སྒོ་ར)གི་རྒྱུན་རྣམ་ཅན་གྱི་དོ་དམ་དང་མི་སྣ་འགྲོ་འོང་རིམ་བཞིན་སླར་གསོ་བྱེད་རྒྱུ། མྱུར་སྐྱེལ་དང་། ཉམས་གསོ། ཟ་མ་མངག་སྐྱེལ་སོགས་གྲོང་མིའི་རྒྱུན་གཏན་གྱི་འཚོ་བར་མཁོ་བའི་ཞབས་ཞུ་བའི་འགྲོ་སྐྱོད་ཚད་བཀག་ལྷུག་ཏུ་གཏོང་རྒྱུ།

    ལྗོངས་ཡོངས་ཀྱི་ཏང་སྲིད་ལས་ཁུངས་དང་། ཁེ་ལས་བྱ་གཞག་ཚན་པ། སྤྱི་ཚོགས་ཚོགས་པ། སྒེར་གཉེར་བཟོ་ཚོང་དུད་ཚང་སོགས་ཀྱི་རྒྱུན་གཏན་གྱི་ལས་ཀའི་སྒྲིག་ལམ་དང་ཐོན་སྐྱེད་གཉེར་སྐྱོང་གོ་རིམ་ལྡན་པའི་ངང་སླར་གསོ་དང་། ཞིང་འབྲོག་ལས་ཐོན་སྐྱེད་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་རྒྱུ།

    ལྗོངས་ཡོངས་ཀྱི་སློབ་གྲྭ་ཁག་གི་དགེ་སློབ་སློབ་གྲྭར་ལོག་རྒྱུ་བཀོད་སྒྲིག་བྱས་ཏེ། སློབ་ཚན་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་རྒྱུ་དང་། སྨན་བཅོས་སྒྲིག་གཞི་ཁག་གི་རྒྱུན་གཏན་གྱི་ལས་གཉེར་བྱེད་སྒོ་ཕྱོགས་ཡོངས་ནས་སླར་གསོ་བྱེད་རྒྱུ། སྲིད་གཞུང་རིམ་པ་ཁག་གི་ཞབས་ཞུའི་ཚོམས་ཆེན་གྱི་རྒྱུན་གཏན་སྐར་ཁུང་གི་ཞབས་ཞུའི་ལས་སྒོ་ཕྱོགས་ཡོངས་ནས་སླར་གསོ་བྱེད་རྒྱུ།

    ཟ་འཐུང་སོགས་འཚོ་བའི་ཞབས་ཞུའི་ལས་རིགས་ཕྱོགས་ཡོངས་ནས་ལས་གཉེར་སླར་གསོར་རིམ་བཞིན་སྐུལ་འདེད་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྒོ་རྩིས་ཚོང་ཁང་དང་། ཚོང་འདུས། ཞིང་ཟོག་ཁྲོམ་ར་བཅས་གོ་རིམ་ལྡན་པའི་ངང་སྒོ་ཕྱེ་སྟེ། གྲོང་ཁྱེར་དང་གྲོང་གསེབ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དངོས་ཟོག་ཉོ་སྒྲུབ་ཀྱི་དགོས་མཁོ་སྐོང་ཐབས་བྱེད་རྒྱུ།

    དཔེ་མཛོད་ཁང་དང་། མཛེས་རྩལ་ཁང་། རིག་གནས་ཁང་། དངོས་མང་བཤམས་སྟོན་ཁང་། ལུས་རྩལ་ཁང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་རིམ་བཞིན་སྒོ་འབྱེད་རྒྱུ་དང་། མཛེས་ལྗོངས་ཁུལ་ལམ་ས་ཚིགས་དང་། ཡུལ་སྐོར་སྤྲོ་གསེང་ཁུལ། སྤྱི་གླིང་ཁག་གོ་རིམ་ལྡན་པའི་ངང་སྒོ་འབྱེད་རྒྱུ། མགྲོན་ཁང་གི་ཞག་སྡོད་ལས་རིགས་ཀྱི་གཉེར་སྐྱོང་སླར་གསོར་སྐུལ་འདེད་གཏོང་རྒྱུ། གློག་བརྙན་ཁང་དང་དྲ་ཁང་སོགས་སོས་དལ་རོལ་རྩེད་ལས་གཉེར་རིམ་བཞིན་སླར་གསོ་བྱེད་རྒྱུ། མེ་འཁོར་དང་། གནམ་གྲུ། གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ། བོགས་གཏོང་རླངས་འཁོར། གཞུང་ལམ་གྱི་འགྲུལ་སྐྱེལ་ལམ་ཐིག་སོགས་སྤྱི་པའི་འགྲིམ་འགྲུལ། དེ་བཞིན་རླངས་འཁོར་སྣ་ཚོགས་ཀྱི་འཁོར་སྐྱོད་དང་ཤར་བགྲོད་རིམ་བཞིན་སླར་གསོ་བྱེད་རྒྱུ། སྦྲག་སྲིད་དང་མྱུར་སྐྱེལ་ལས་རིགས་ཀྱི་ཐག་གཅོད་ལྟེ་གནས་དང་ས་ཚིགས་ཀྱི་ལས་སྒོ་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་རྒྱུ་བཅས་རེད།

    ཉིང་སྐྱུར་བརྟག་དཔྱད་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཏེ་མི་སྣའི་འགྲོ་འོང་གི་དགོས་མཁོ་སྐོང་རྒྱུ།

    གྲོང་ཁྱེར་དང་ས་ཁུལ་འདི་རང་དུ་འགྲོ་འོང་བྱེད་མཁན་གྱིས་ཆུ་ཚོད་72ཡི་རིང་གི་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་སྲིབ་གཤིས་ཀྱི་དཔང་ཡིག་ཁྱེར་ནས། སྤྱི་པའི་ས་ཁོངས་ལ་སྐྱོད་པ་དང་། སྤྱི་པའི་འགྲིམ་འགྲུལ་ཡོ་ཆས་ལ་སྡོད་པ། སློབ་གྲྭར་ལོག་པ། ལས་འགོ་བསྐྱར་ཚུགས་བཅས་ལ་སྤྱད་ཆོག་པར་མ་ཟད། གནས་ཡུལ་གྱི་བཤེར་རྟགས་བཤེར་དགོས། མྱུར་སྐྱེལ་དང་། མངག་སྐྱེལ། མགྲོན་ཁང་། མཛེས་ལྗོངས་ཁུལ། འགྲིམ་འགྲུལ་སྐྱེལ་འདྲེན། ཞིང་ཟོག་ཚོང་ཁང་། ཟོག་སྐྱེལ་དང་མཁོ་སྤྲོད་འགན་ལེན། ཁོར་སྲུང་གཙང་སྦྲ། སྨན་བཅོས་སྒྲིག་གཞི་དཀྱུས་མ(ཚ་རྒྱས་སྒོ་བསྟེན་ཁང་ཕུད་པའི་ཚན་ཁག)སོགས་ལས་རིགས་དང་ཁྱབ་ཁོངས་ཁག་གི་ལས་དོན་པས་ཉུང་མཐར་ཡང་ཉིན་གཉིས་ལ་ཉིང་སྐྱུར་བརྟག་དཔྱད་ཐེངས་གཅིག་བྱེད་དགོས། ས་ཁོངས་ཕྱིའི་མི་སྣ་དང་། དངོས་ཟོག ཁོར་ཡུག་བཅས་དང་ཐད་ཀར་འབྲེལ་བ་བྱེད་མཁན་དང་། གཅིག་སྡུད་ལོགས་བཀར་ཁུལ་གྱི་ལས་དོན་པ། དམིགས་བཙུགས་སྨན་ཁང་དང་། སྨན་བཅོས་ཚན་པ་དཀྱུས་མའི་ཚ་རྒྱས་སྒོ་བསྟེན་སྨན་ཁང་གི་སྨན་དོན་པ། དེ་བཞིན་དེ་མིན་གྱི་རིམས་འགོག་འཐབ་ས་དང་པོའི་མི་སྣ་བཅས་ལ་ཉིན་ལྟར་ཉིང་སྐྱུར་བརྟག་དཔྱད་ཐེངས་གཅིག་བྱེད་དགོས།

    རིམས་འགོག་བླང་བྱ་དོན་འཁྱོལ་བྱས་ནས་མི་སྣ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འགྲོ་འོང་བྱེད་པར་འགན་ལེན་བྱེད་དགོས།

    བོད་ནས་ཁ་བྲལ་མཁན་དང་བོད་དུ་ཡོང་མཁན་གྱི་འབྲེལ་ཡོད་རིམས་འགོག་བླང་བྱ་མུ་མཐུད་ལག་ལེན་ནན་པོ་བསྟར་རྒྱུ། བོད་དུ་ཡོང་མཁན་ཚོས་སྔོན་ནས་སྙན་སེང་ཞུ་དགོས་པ་དང་། ཆུ་ཚོད་48ཡི་རིང་གི་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་སྲིབ་གཤིས་ཀྱི་དཔང་ཡིག་ཡོད་དགོས་ལ་བོད་དུ་འབྱོར་རྗེས“ཉིན་གསུམ་རིང་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་བྱེད་པ”སོགས་ཀྱི་རིམས་འགོག་བླང་བྱ་ལག་ལེན་བསྟར་དགོས་པ་དང་། བོད་དུ་འབྱོར་རྗེས་ཀྱི་ཉིན་བདུན་རིང་འདུ་འཛོམས་མི་བྱེད་པ་དང་མི་ཚོགས་སྟུག་སར་འགྲོ་མི་རུང་། བོད་ནས་ཁ་བྲལ་མཁན་ཚོས་སྔོན་ནས་སྡེ་ཁུལ་ལ་རེ་འདུན་ཞུས་ཏེ། བདེ་ཐང་ལྟ་ཞིབ་ཚད་ལེན་དང་ཞིབ་དཔྱད་འགྲོ་ལུགས་ཡོད་དགོས་པར་མ་ཟད། “ཉིན་གསུམ་རིང་ཉིང་སྐྱུར་བརྟག་དཔྱད་ཐེངས་གསུམ”མམ“ཉིན་གསུམ་རིང་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས”ཀྱི་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་སྲིབ་གཤིས་ཀྱི་དཔང་ཡིག་ཡོད་དགོས་པ་དང་། གནམ་ཐང་དང་། མེ་འཁོར་འབབ་ཚུགས། སྐམ་ལམ་གྱི་ཞིབ་བཤེར་ས་ཚིགས་སོགས་ནས་ཡང་བསྐྱར་ཉིང་སྐྱུར་བརྟག་དཔྱད་ཐེངས་གཅིག་བྱས་རྗེས་གཞི་ནས་བོད་ནས་ཁ་བྲལ་ཆོག

    ཚན་རིག་དང་མཐུན་པའི་སྒོ་ནས་མི་རྣམས་ལྗོངས་ནང་ཁུལ་དུ་འགྲོ་འོང་བྱེད་པར་ཁྲིད་སྟོན་བྱེད་དགོས། ས་ཁུལ་དང་གྲོང་ཁྱེར་གཞན་གྱི་མི་སྣ་ལྗོངས་ནང་ཁུལ་དུ་འགྲོ་འོང་བྱེད་སྐབས། “ཉིན་གསུམ་རིང་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས”བྱས་པའི་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་སྲིབ་གཤིས་ཀྱི་དཔང་ཡིག་ཡོད་དགོས། འགྲིམ་འགྲུལ་འབབ་ཚུགས་ཁག་དང་། ས་ཁུལ་དང་གྲོང་ཁྱེར་ཁག་གི་སྐམ་སའི་ཞིབ་བཤེར་བྱེད་སར་ས་ཁོངས་བསྒྲལ་ནས་འགྲོ་མཁན་ལ“ཉིན་གསུམ་རིང་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས”བྱས་པའི་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་སྲིབ་གཤིས་དང་། བོད་ལྗོངས་ཤར་བགྲོད་ཀྱི་བཤེར་རྟགས་ལྗང་ཁུ། འགྲོ་སྐྱོད་ཨང་རྟགས་བཅས་ཞིབ་བཤེར་བྱེད་པ་དང་འབྲེལ་ཚ་བ་ལྟ་བ་སོགས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་དགོས།

    རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གཏན་འབེབས་ལག་བསྟར་ནན་པོ་བྱས་ཏེ་རིམས་ནད་བསྐྱར་ལོག་གཏན་ནས་མི་ཡོང་བར་བྱེད་དགོས།

    སྤྱི་པའི་འདུ་གནས་དང་སྒྲིག་གཞི་ཁག་གིས་མི་སྣ་འགྲོ་འོང་ལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་འདུ་འཛོམས་མི་ཡོང་བ་བྱེད་དགོས། རླུང་འགྲོ་ཡག་པོ་དང་། དུག་སེལ། ཚ་བ་ལྟ་བ། བཤེར་རྟགས་འདོན་པ། ཉིང་སྐྱུར་བྱས་འབྲས་ལ་ལྟ་བ། ཁ་རས་རྒྱག་པ། བདེ་འཇགས་ཀྱི་སྤྱི་ཚོགས་འབྲེལ་བའི་བར་ཐག་འཇོག་པ་སོགས་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་སྤྱོད་དགོས།

    འདུ་འཛོམས་མི་བྱེད་པ་དང་། ཕྱི་ལ་ཉུང་ཙམ་འགྲོ་བ། དགོས་མེད་ཀྱི་འདུ་འཛོམས་མི་བྱེད་པ། བག་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་སྟབས་བདེ་བྱེད་དགོས་པའི་འབོད་སྐུལ་བྱེད་དགོས། ཉེ་དུས་ཚོགས་འདུ་ཆེ་གྲས་དང་། གསོ་སྦྱོང་། ཚོགས་འགྲེམས། རིག་རྩལ་འཁྲབ་སྟོན་སོགས་འདུ་འཛོམས་མང་བའི་བྱེད་སྒོ་གནས་སྐབས་གཉེར་མི་ཆོག

    བརྡ་ཐོའི་ནང་ནན་བཤད་བྱས་དོན། མིག་སྔའི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་པས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཐོག་མཐའ་བར་གསུམ་དུ“རིམས་ནད་ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཡོང་བའི”སྤྱིའི་ཐབས་ཇུས་དང“སྐབས་བསྟུན་གཙང་སེལ”གྱི་སྤྱིའི་མཛད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ཉེན་བརྡ་རྒྱུན་སྒྲོག་དང་དོགས་ཟོན་ཆེར་སྐྱེད་མཐའ་འཁྱོངས་བྱེད་པ། ས་ཁུལ་དང་གྲོང་ཁྱེར་ཁག་དང་། ལས་རིགས་དང་སྡེ་ཚན་ཁག ཚན་པ་ཁག་དང་དེ་བཞིན་མི་ཚང་མས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི“ཕྱོགས་བཞིའི་འགན་འཁྲི”སྔར་བས་དོན་འཁྱོལ་ཡག་པོ་བཅས་བྱས་ཏེ། ལས་སླ་པོར་བྱུང་བ་ཞིག་མིན་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་གལ་ཆེན་རྒྱུན་མཐུད་བརྟན་དུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།