ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་སློབ་སྦྱོང་ནན་ཏན་བྱས་པས་ཚང་མར་སྐུལ་ལྕག་ཆེན་པོ་ཐེབས་པ་དང་ངར་ཤུགས་ཀྱང་ཆེན་པོ་འཕེལ་ཡོད། ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཡིད་ཆེས་བརྟན་པོ་དང་། འབད་འབུངས་ཡར་བརྩོན། ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་སྲུང་སྐྱོང་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་བསྟན་དོན། རང་བྱུང་ཁམས་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ཀྱི་གཞི་རྩའི་ཆ་རྐྱེན་ཡིན། རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་ལ་བསྟུན་མཁས། རང་བྱུང་ལ་སྲུང་སྐྱོང་བཅས་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ནང་གནས་ཀྱི་བླང་བྱ་ཡིན་པས། ངེས་པར་དུ་རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་གཏོང་དང་ལག་ལེན་བསྟར་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཐོ་ཚད་ཐོག་ནས་འཕེལ་རྒྱས་གཏོང་རྒྱུ་ཇུས་འགོད་བྱེད་དགོས།
ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་རྒྱུན་མཐུད་ངང་ཡག་པོ་བརྒྱབ་ནས་ནམ་མཁའ་སྔོ་ཞིང་ཆུ་བོ་དྭངས་བ་དང་ས་གཙང་བཅས་སྲུང་སྐྱོབ་དམག་འཐབ་ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བས་ས་ཁུལ་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་98%ཡན་ཟིན་པ་དང་། ཆུ་བོ་དང་མཚེའུ་གཙོ་བོའི་ཆུ་སྤུས་ཚང་མ་རིགས་གསུམ་གྱི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པ་བྱུང་བ། ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་ལེགས་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད། མངའ་རིས་ས་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་ལི་ཞའོ་པིང་གིས། སླད་ཕྱིན་གྱི་ལས་དོན་ནང་ངེས་པར་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྐྲུན་པ་དང་མཛེས་སྡུག་ལྡན་པའི་མངའ་རིས་བསྐྲུན་པའི་དམིགས་ཚད་ལ་དམ་པོར་དམིགས་ནས་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྒྲིག་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་བཟང་པོ་དེ་མངའ་རིས་ཀྱི་རྒྱུ་ནོར་ཆེ་ཤོས་དང་། ལེགས་ཆ་ཆེ་ཤོས། སྤུས་རྟགས་ཡག་ཤོས་བཅས་སུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་བརྗོད།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་བསྟན་དོན། ད་ལྟ་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།
ལྷ་ས་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཆབ་སྲིད་ཁྲུའི་མི་དམངས་ཉེན་རྟོག་པ་ཀའོ་ཡང་གིས“ང་ཚོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ངོ་བོའི་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་། འབྱུང་འགྱུར་ལོ་5ཡི་ནང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་འགོ་འཛུགས་པའི་འགག་རྩའི་དུས་སྐབས་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་བོད་ཀྱི་མཐའ་མཚམས་ས་ཁུལ་གྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། མི་དམངས་ཀྱི་བདེ་འཇགས་འགན་ལེན་བཅས་བྱེད་པའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ལག་བསྟར་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་གནས་སྤོས་ཡུལ་མིའི་དོ་དམ་གྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་བརྗོད།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་བསྟན་དོན། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས། “ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ལྕགས་རྡུང་བར་ངེས་པར་དུ་ཐོ་བ་མཁྲེགས་དགོས་པའི་གནས་ལུགས་བློ་ལ་བརྟན་པོ་ངེས་པ་དང་། རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་གང་ལེགས་གཏོང་བ། དགོངས་གཞི་གཙོ་བོ་ནན་པོ་ཡུན་རིང་མཐའ་འཁྱོངས་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས”ཞེས་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་ཚན་ཞིབ་པུའི་ཀྲུའུ་རེན་གཞོན་པ་ཤེ་ཧུའེ་ཧྲི་ཡིས་བརྗོད།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་བསྟན་དོན། ངེས་པར་དུ་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་ལེན་མཐར་ཕྱིན་བསྟར་བ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་དགོས། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་དང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པ་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་བཅས་མཐའ་འཁྱོངས། འཐབ་རྩོད་བྱེད་ཞོར་དང་། དམག་གྲབས་བྱེད་ཞོར། འཛུགས་སྐྲུན་བྱེད་ཞོར་བཅས་མཐའ་འཁྱོངས། འཕྲུལ་ཆས་ཅན་དང་། ཆ་འཕྲིན་ཅན། རིག་ནུས་ཅན་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས།
དྲག་ཆས་ཉེན་རྟོག་ལྷ་ས་ཉིང་ལག་རུ་ཁག་གི་ཆབ་སྲིད་ཨུ་ཡོན་ལིའུ་ཞའོ་ལུང་གིས། ངེས་པར་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་བློ་དཀར་སེམས་དཀར་གྱི་གཞི་རྒྱུ་དེ་ཁྲག་རྒྱུན་ནང་མཉམ་འདྲེས་བྱས་ནས་ལས་ཀའི་ཚད་གཞི་རྩེ་གྲ་དང་། བསམ་པའི་ཉམས་འགྱུར་རྩེ་གྲ དམག་གྲབས་ཀྱི་ཆུ་ཚད་རྩེ་གྲ ཞབས་ཞུའི་དམིགས་ཡུལ་རྩེ་གྲ་བཅས་ལ་བརྟེན་ཏེ་རྒྱལ་སྲུང་མཐའ་སྲུང་གིས་ས་མཐོ་སྲུང་བ་དང་བོད་བརྟན་ལྷིང་དང་དར་རྒྱས་གཏོང་བའི་གཙོ་ཤུགས་དམག་བྱེད་རྒྱུ་བརྩོན་ལེན་བྱས་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད། སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད།