དབུ་ཤོག>ཆེད་སྒྲིག
  • ཞོ་ལེགས་བོད་ཤོག་ཁྱིམ་རྒྱུད་ཀྱི་མི་རབས་གསུམ་གྱི་རྒྱུན་འཛིན་ཕུགས་འདུན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  德吉普尺   |     སྤེལ་དུས།  2022-10-21

    66d60a13-5f31-4015-8fc0-9b87641061dc.jpg.jpg

    འདི་ནི་ཡུལ་སྐོར་བས་ཞོ་ལེགས་བོད་ཤོག་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ནས་བོད་ཤོག་ཉོ་བཞིན་པ།

    རྩོམ་སྒྲིག་པའི་སྦྲགས་མཆན།

    ལོ་བཅུའི་གོང་། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱིས་བཅར་འདྲི་ཚོགས་ཆུང་ཐེངས་མང་མངགས་ནས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7གྱི་རྫོང(ཆུས)74ཡི་དུད་ཚང་100ལ་བཅར་འདྲི་བྱས་པ་དང་། རྩོམ་ཡིག་100དང་པར་རིས་300ལྷག་ཙམ་བཏོན་ཏེ《བདེ་སྐྱིད་ལྡན་པའི་ས་མཐོ། ནང་མི་མཉམ་འཛོམས་ཀྱི་སྤྲོ་སྣང་སྟེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་བསུ་བ་ཞུ་བའི་དམིགས་བསལ་གནས་ཚུལ་གཏོང་སྤེལ》ཞེས་པ་གཟབ་རྒྱས་ངང་བཏོན་པ་མ་ཟད། ཡིག་འབྲུ་ཁྲི་39ཟིན་པའི《ས་མཐོའི་ཁྱིམ་ཚང》ཞེས་པ་དཔེ་སྐྲུན་བྱས་ནས་ས་མཐོའི་ཁྱིམ་ཚང་ཀུན་གྱི་བདེ་སྐྱིད་འཚོ་བ་ཇི་མ་ཇི་བཞིན་ཟིན་ཐོར་བཀོད་ཡོད།

    ལོ་བཅུའི་རྗེས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པའི་དུས་འདིར། ང་ཚོས་ས་མཐོའི་ཁྱིམ་ཚང་100ཡི་ཁྲོད་ནས་7ཧྲག་འདེམས་བྱས་ཏེ་ཁོང་ཚོའི་ལོ་བཅུའི་རིང་གི་འཕེལ་རྒྱས་དང་འཕོ་འགྱུར་ལ་ཤེས་རྟོགས་དང་ཁོང་ཚོའི་ད་ཆའི་འཚོ་བའི་རྣམ་པ་གསར་པར་བཅར་འདྲི་བྱས་པ་ཡིན།

    རྒྱབ་ལྗོངས།

    ཚེ་རིང་རྡོ་རྗེ་ནི་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བོད་ཤོག་བཟོ་རྩལ་གྱི་རྒྱུན་འཛིན་པ་རེད། ཁོང་ཚོའི་ཁྱིམ་ཚང་མི་རབས་ནས་མི་རབས་བར་བོད་ཤོག་བཟོ་མཁན་ཡིན་པ་སྟེ། སྤོ་བོ་ཚེས་བཅུ་དང་། ཕ་བག་གྲོ། ཨ་ཁུ་སྒོར་སྒོར་བཅས་བོད་ཤོག་གི་ལག་ཤེས་བཟོ་རྩལ་པ་རེད།

    དུས་རབས་གོང་མའི་ལོ་རབས་བདུན་ཅུ་པ་དང་བརྒྱད་ཅུ་པར། ཤོག་བུ་གསར་པ་ཐོན་པའི་གནོན་ཤུགས་རྐྱེན་གྱིས་ལོ་ངོ་སྟོང་ཕྲག་ལྷག་རིང་དར་འཕེལ་བྱུང་བའི་ཞོ་ལེགས་བོད་ཤོག་བཟོ་རྩལ་དེ་ཉམས་རྒུད་དུ་སོང་བ་དང་། ཐ་ན་ཞོ་ལེགས་གྲོང་ཚོ་ཧྲིལ་པོར་སྐབས་ཤིག་རིང་བོད་ཤོག་བཟོ་མཁན་ཧ་ལམ་མེད་པ་ལྟ་བུར་གྱུར་མོད། འོན་ཀྱང་ཚེ་རིང་རྡོ་རྗེས་བུ་རྒན་པ་སྐལ་བཟང་བསྟན་འཛིན་དང་བུ་གཞོན་པ་བུ་ཆུང་ལ་བསླབས་ནས་རང་ཁྱིམ་དུ་མུ་མཐུད་བོད་ཤོག་བཟོས་ནས་བསྡད་པ་རེད།

    2011ལོར་ཚེ་རིང་རྡོ་རྗེས་རང་ཁྱིམ་དང་རྫོང་དུ་ཡོད་པའི་ཁྱིམ་ཚང་རྣམ་པའི་བོད་ཤོག་བཟོ་ཁང་གཅིག་པུ་དེ་སྙེ་མོ་རྫོང་གི་དབུལ་སྐྱོར་གསར་སྤེལ་ལག་ཤེས་བཟོ་རྩལ་གླིང་དུ་སྤོས་པས་ཁྱིམ་དུ་བོད་ཤོག་བཟོ་བར་ས་རྒྱ་ཆུང་དྲགས་པ་དང་ཆུ་དཀོན་པ་སོགས་ཀྱི་དཀའ་ངལ་ཐག་གཅོད་བྱུང་ནའང་། བོད་ཤོག་བཟོ་བར་རྒྱུ་ཆ་དཀོན་པ་དང་། བཟོ་རྩལ་བརྒྱུད་རིམ་རྙོག་དྲ་ཆེ་བ། ཚོང་ལམ་ཡག་པོ་མེད་པ་སོགས་ཀྱི་གནད་དོན་སྔར་བཞིན་ལྷག་ཡོད། དེའི་སྐབས“སྲིད་གཞུང་གི་རོགས་སྐྱོར་ལ་བརྟེན་ནས་སླར་ཡང་བོད་ཤོག་གི་ཡུལ་སྐོར་ཐོན་རྫས་གསར་སྤེལ་བྱས་ཚེ། ཞོ་ལེགས་བོད་ཤོག་བཟོ་རྩལ་དར་རྒྱས་གོང་འཕེལ་འགྲོ་ཐུབ”ཅེས་ཚེ་རིང་རྡོ་རྗེས་རེ་བས་ཁེངས་བཞིན་དུ་བཤད།

    སྙེ་མོ་རྫོང་ཞོ་ལེགས་གྲོང་ཚོར་འདི་ལོ་ལོ་72ལ་སླེབས་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཞོ་ལེགས་བོད་ཤོག་གི་རྒྱུན་འཛིན་པ་རྒད་པོ་ཚེ་རིང་རྡོ་རྗེས་ད་དུང་ཡང་དགའ་སྤྲོའི་ངང་བོད་ཤོག་བཟོ་བའི་ལས་ལ་གཞོལ་བཞིན་ཡོད་ལ། ལྷག་པར་དུ་དགའ་འོས་པ་ཞིག་ལ་ཁོང་གི་བུ་གཉིས་པོའི་ཤོག་བུ་བཟོ་བའི་ལག་རྩལ་ཡང་ཉིན་རེ་བཞིན་བྱང་ཆུབ་ཏུ་འགྲོ་བཞིན་ཡོད། མིག་སྔར་བུ་རྒན་པ་སྐལ་བཟང་བསྟན་འཛིན་ལྷ་ས་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་། བུ་གཞོན་པ་བུ་ཆུང་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་བདམས་པ་དང་། ཚ་མོ་ཕུར་སྒྲོན་དང་བསྟན་སྐྱིད་ཀྱང་ལག་རྩལ་འདི་སྦྱོང་བཞིན་ཡོད། ཚེ་རིང་རྡོ་རྗེས་ད་དུང་ཚ་བོ་བསྟན་འཛིན་ནོར་བུ་དང་ནོར་བུ་དོན་གྲུབ་གཉིས་ལ་བོད་ཤོག་བཟོ་བའི་བྱ་གཞག་མུ་མཐུད་རྒྱུན་འཛིན་བྱེད་དུ་འཇུག་རྩིས་ཡོད་པ་རེད།

    ལོ་བཅུའི་གོང་། རྒྱུ་ཆ་དཀོན་པ་དང་ཚོང་ལམ་དེ་ཙམ་ཡག་པོ་མེད་པ་དེ་ཚེ་རིང་རྡོ་རྗེའི་སེམས་ནད་ལྟ་བུར་གྱུར་མོད། ཡིན་ནའང་ད་ཆ་རྒྱལ་ཡོངས་ཀྱི“མངོན་མིན་རིག་གནས་ཤུལ་བཞག་དང་དབུལ་སྐྱོར་ཟུང་དུ་འབྲེལ་བའི”གཙོ་གནད་རྒྱབ་སྐྱོར་ས་ཁུལ་ཁག་དང་པོ་10ཡི་གྲས་ཡིན་པའི་ཞོ་ལེགས་བོད་ཤོག་ཚུད་པའི་སྙེ་མོ་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ལས་མུ་མཐུད་འཕེལ་རྒྱས་བྱུང་ཡོད།

    2016ལོར་སྙེ་མོ་རྫོང་སྲིད་གཞུང་གི་རོགས་རམ་ལ་བརྟེན་ནས་ཚེ་རིང་རྡོ་རྗེས་རང་ཁྱིམ་དུ་ཞོ་ལེགས་བོད་ཤོག་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཞིག་བཙུགས་པ་མ་ཟད། རྫོང་མཁར་དུ་གཅིག་སྡུད་བཟོ་བ་དང་། འགྲེམས་ཚོང་། སློབ་པ་བཅས་གཞི་གཅིག་ཅན་གྱི་བོད་ཤོག་ཚོང་ཁང་ཞིག་ཀྱང་བཙུགས་པ་རེད།

    “ལོ་ཤས་འཕེལ་རྒྱས་བཏང་བ་བརྒྱུད་ཞོ་ལེགས་བོད་ཤོག་དེ་ཐོན་རྫས་སྣེ་ཁ་རྐྱང་པ་ནས་10ཙམ་བར་འཕེལ་རྒྱས་ཕྱིན་ཏེ་དཔེ་རྙིང་ཉམས་གསོ་དང་། ཡིག་གཟུགས། རི་མོ་བཅས་ལ་སྤྱོད་པའི་དགོས་མཁོ་སྐོང་ཐུབ་པ་མ་ཟད། ཟིན་བྲིས་དེབ་དང་ལྒང་བཞུ་སོགས་ཀྱི་རིག་གནས་གསར་གཏོད་ཐོན་རྫས་དག་ཡུལ་སྐོར་ཁྲོམ་རར་འདོན་ཐུབ་ཡོད”ཅེས་བུ་རྒན་པ་སྐལ་བཟང་བསྟན་འཛིན་གྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།