ཉིན་ཤས་བསྟུད་མར། ཉིང་ཁྲི་གྲོང་ཁྱེར་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་ཚགས་པར་དང་། ལག་ཐོགས་ཁ་པར། བརྙན་འཕྲིན་སོགས་བརྒྱུད་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པ་རེད། ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱིས་མི་སེམས་གཅིག་ཏུ་སྒྲིལ་བ་དང་འབད་འབུངས་ཡར་བརྩོན་བྱ་རྒྱུར་སྐུལ་མ་བཏང་ཡོད་པས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། གཙོ་འཛིན་གྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ། རང་ལ་ཡིད་ཆེས་དང་འབད་འབུངས་བྱེད་པ། གཞུང་འཁྱོངས་གསར་འབྱེད་བྱེད་པ། བློ་སྟོབས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད་པ་རེད།
ཉིང་ཁྲིའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་འགྲོ་བ་དགོན་མཐའ་མཚམས་མངགས་གཏོང་ཁང་སངས་འགྱུར་ཞིབ་བཤེར་ས་ཚིགས་སུ་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་། མི་དམངས་ཉེན་རྟོག་པ་ཚོས་ཉེ་འགྲམ་གྱི་སངས་འགྱུར་གྲོང་ཚོའི་ཏང་ཡོན་དང་མང་ཚོགས་དང་མཉམ་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་སློབ་སྦྱོང་བྱེད་བཞིན་ཡོད། “བློ་མཐུན་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་ནི་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་འདུག དུས་རབས་གསར་པའི་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པ་ཞིག་ཡིན་པའི་ངོས་ནས་ངས་ལས་རོགས་ཚོ་དང་མཉམ་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་རྒྱུ་དང་འབྲེལ་སྙན་སྒྲོན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ནས་མཐའ་མཚམས་ཀྱི་བདེ་འཇགས་འགན་ལེན་བྱ་རྒྱུ་ཡིན”ཞེས་འགྲོ་བ་དགོན་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་ལེའོ་ཧུང་པོས་བརྗོད།
“མེས་རྒྱལ་སྔར་བས་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་མི་དམངས་ཀྱི་འཚོ་བ་སྔར་བས་ལེགས་སུ་འགྲོ་བཞིན་ཡོད། ཏང་གིས་འབད་འཐབ་རླབས་པོ་ཆེར་བརྟེན་ནས་ལོ་བརྒྱའི་བྱ་གཞག་རླབས་པོ་ཆེ་བཏོད་ཡོད་ལ། འབད་འཐབ་རླབས་པོ་ཆེ་གསར་པར་བརྟེན་ནས་བྱ་གཞག་རླབས་པོ་ཆེ་གསར་པ་གཏོད་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་སངས་འགྱུར་གྲོང་ཚོའི་ཏང་ཡོན་རྒན་གྲས་ཀྲེན་ཏུའོ་ཡིས་མིག་ཟུང་ནས་སེམས་འགུལ་ཚད་མེད་ཐེབས་བཞིན་བརྗོད།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང“ཏང་གིས་འདུ་ཤེས་འཛིན་སྟངས་ལས་དོན་ལ་འགོ་ཁྲིད་བྱེད་པའི་དབང་ཆ་དམ་པོར་བཟུང་སྟེ་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས”ཞེས་བསྟན་པར་སྣང་རྫོང་རྫོང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་མོང་ཡིའུ་ཅན་གྱིས “དུས་རབས་གསར་པའི་ཏང་གི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཡག་པོ་སྒྲུབ་པར་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གླེང་ཕྱོགས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས། མང་ཚོགས་ཀྱི་དགོས་མཁོ་དང་མི་དམངས་ཀྱི་འཚོ་བར་དམ་པོར་དམིགས་ཏེ་བྱ་བ་ཆུང་ཙག་ལ་བརྟེན་ནས་བརྗོད་དོན་ཆེན་པོ་མཚོན་པ་དང་གཏམ་རྒྱུད་ཆུང་གྲས་ལ་བརྟེན་ནས་འགྱུར་ལྡོག་ཆེན་པོ་བཤད་དེ་དུས་རབས་གསར་པའི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་གང་ལེགས་མངོན་པར་བྱེད་དགོས”ཞེས་བརྗོད།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་། དེང་རབས་ཀྲུང་གོའི་ན་གཞོན་རྣམས་ལ་དུས་སྐབས་བཟང་པོ་འཕྲད་པ་དང་འཇོན་ཐང་ངོམས་སའི་གར་སྟེགས་འགྲན་ཟླ་བྲལ་བ་ཞིག་ཡོད་པས། ཕུགས་འདུན་མངོན་འགྱུར་བྱེད་པའི་མདུན་ལམ་ནི་འོད་ཟེར་སྟོང་ལྡན་ཞིག་ཡིན་པ་བསྟན་ཡོད། གནད་དོན་དེའི་ཐད་སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་གྱི“90ནང་སྐྱེས”ཀྱི་གཞོན་ནུ་ལས་བྱེད་པ་ཁྲེན་ལི་པིན་གྱིས“གཞི་རིམ་ན་གཞོན་ལས་བྱེད་པ་ཡིན་པའི་ང་ཚོ་ནི་དུས་རབས་ཀྱི་དཔང་པོ་ཡིན་ལ་དུས་རབས་དེའི་ནང་ཞུགས་མཁན་ཞིག་ཀྱང་ཡིན་པས། ལང་ཚོའི་གཟི་དཔལ་རྒྱས་སྒང་འདིར་གསར་བརྗེའི་སྟོབས་ཤུགས་རྒྱུན་འཛིན་བྱེད་པ་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་གཞི་རིམ་གྱི་ལས་གནས་ཐོག་འོད་སྟོང་འཕྲོ་བར་བྱས་ནས། ལང་ཚོ་རྒྱས་པའི་ང་ཚོ་དང་འབད་འཐབ་བྱེད་པའི་ང་ཚོས་དུས་རབས་གསར་པ་གཏོད་དགོས”ཞེས་མྱོང་ཚོར་ཟབ་མོའི་སྒོ་ནས་བརྗོད།