ཉིན་ཤས་བསྟུད་མར། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ལ་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་དགོངས་དོན་ངེས་པར་དུ་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ནས། སྙིང་སྟོབས་རབ་འཕེལ་དང་འབད་འབུངས་ཡར་བརྩོན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།
ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ལས་བྱེད་པ་ལི་ཚུའེ་དང་ལས་རོགས་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ལ་སློབ་སྦྱོང་ནན་ཏན་དང་གྲོས་བསྡུར་འཁྲུག་པོ་བྱས་པ་རེད། ལི་ཚུའེ་ཡིས། “ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནི་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་འདུག ཕྱིས་འབྱུང་ངས་རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལས་དོན་ཁྲོད་ལག་བསྟར་དོན་འཁྱོལ་བྱས་ཏེ། རིག་གནས་དང་ཡུལ་སྐོར་དྲིལ་བསྒྲགས་དང་བྲིན་ཚོང་གི་ལས་དོན་ཡག་པོ་བསྒྲུབས་ནས། ཉིང་ཁྲི་གྲོང་ཁྱེར་གྱི་རིག་གནས་དང་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་གཏོང་ཆེད་ནུས་ཤུགས་གང་ཡོད་འདོན་རྒྱུ་ཡིན”ཞེས་བརྗོད།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་ཞིང་བརྟན་པའི་ངང་འཕེལ་རྒྱས་གཏོང་བ་དང་། འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ལས་ཀའི་བཀོད་པ་འཐུས་སྒོ་ཚང་དུ་གཏོང་བ། མཐུན་སྒྲིལ་ཆེ་མོ་དང་མཉམ་འབྲེལ་ཆེ་མོ་རྒྱུན་འཁྱོངས་བཅས་བྱེད་དགོས་ཞེས་བསྟན་ཡོད། རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ། ལས་ཁུངས་ཏང་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་ལིའུ་ཏུང་མའེ་ཡིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོས་རང་རྟོགས་ངང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱེད་མཁན་དང་སྐུལ་འདེད་གཏོང་མཁན་ཞིག་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗོད་དོན་གཙོ་བོ་སྔར་བས་མཆོག་ཏུ་འཛིན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་རྒྱུན་ཆད་མེད་པར་རྣམ་པ་གསར་པ་གཏོད་རྒྱུ་ཡིན་ཞེས་བརྗོད།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཞེས་བསྟན་ཡོད། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཐིང་ཀྲང་གཞོན་པ་ལུའེ་ཐའོ་ཡིས། སྤྱི་བདེ་ལས་ཁུངས་ནི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་གཙོ་ཤུགས་དམག་ཡིན་པས། ངེས་པར་དང་ཐོག་མཐའ་བར་གསུམ་དུ“སྤྱི་ཡོངས་གཉིས”དང“རྒྱལ་ཁབ་ཀྱི་དོན་ཆེན”སེམས་སུ་འཆང་བ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱེད་པ། མཐའ་ཚད་ཀྱི་བསམ་བློ་བརྟན་པོ་འཛུགས་པ། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པ། ཉེན་བརྡ་རྒྱུན་སྒྲོག་དང་དོགས་ཟོན་རྒྱུན་འཁྱོངས་བྱེད་པ། དཀའ་བ་ཁྱད་དུ་བསད་ནས་མདུན་སྐྱོད་དང་ངལ་བ་དང་དུ་བླངས་ནས་ཡར་བརྩོན་བཅས་བྱས་ཏེ། ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་རྒྱུ་སྤྱི་འདོམས་སུ་བྱེད་པ་དང་ཉེན་ཁ་གལ་ཆེན་འགོག་ཟོན་དང་སེལ་རྒྱུ་ཤུགས་རྒྱག་སར་བྱས་ནས། སྤྱི་ཚོགས་ངོས་ཀྱི་སྐོར་གཡེང་དང་སྔོན་འགོག་ཚོད་འཛིན། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་འདུམ་འགྲིག་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ཉེན་ཁ་སྔོན་འགོག་དང་། བདེ་འཇགས་འགན་ལེན། བརྟན་ལྷིང་སྲུང་སྐྱོང་། རིམས་ནད་འགོག་རྒོལ་བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས་ཞེས་བརྗོད།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་དུས་རབས་ཀྱིས་ང་ཚོར་འབོད་བརྡ་གཏོང་བ་དང་མི་དམངས་ཀྱིས་ང་ཚོར་རེ་སྒུག་བྱེད་བཞིན་ཡོད་པས། འགྱུར་མེད་དམ་འཇོག་དང་ལྷོད་མེད་འབད་བརྩོན་བྱས་ན་གཞི་ནས་དུས་རབས་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་འགྲོ་མི་སྲིད་ཅེས་བསྟན་ཡོད། “ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཀོད་པའི་བརྗིད་ཆེའི་འཆར་གཞི་དངོས་ཡོད་དུ་སྒྱུར་བའི་འགག་རྩ་ནི་ལག་ལེན་ལ་ཐུག་ཡོད” ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ལ་སློབ་སྦྱོང་ནན་ཏན་བྱས་རྗེས། རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་ཚའོ་ཅེ་ཧྥུང་གིས། དངོས་འབྲེལ་སློབ་སྦྱོང་བྱེད་པ་དང་། གོ་བ་གཏིང་ཟབ་ལེན་པ། ལག་ལེན་ཏན་ཏིག་བསྟར་བ་བཅས་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པའི“དཔུང་ཁག་གི་སྣེ་ཡག་པོ་ཁྲིད་པ”དང“ཁྲལ་དོན་ཡག་པོ་སྒྲུབ་པའི”གསོན་ཉམས་ལྡན་པའི་ལག་ལེན་དུ་སྒྱུར་བ་དང་། གནད་སྨིན་ཁྲིམས་འཛིན་དང་། གནད་སྨིན་ཞབས་ཞུ། གནད་སྨིན་ལྟ་འདོམས། གནད་སྨིན་མཉམ་སྐྱོང་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་དངོས་སྒྲུབ་བྱ་ཐབས་ལ་རྒྱུན་ཆད་མེད་པར་སྒྱུར་བ། ཁྲལ་འཇལ་མཁན་དང་གྲོན་དངུལ་སྐྱེལ་མཁན་ལ་སྔར་བས་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་བའི་གོ་ཆོད་བྱ་ཐབས་ལ་ནུས་ལྡན་ངང་སྒྱུར་བ་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཆེད། ཁྲལ་དོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད།
“ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ཉན་རྗེས། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ངར་ངོས་འཛིན་དེ་བས་ཟབ་མོ་བྱུང་། ལྕགས་རྡུང་བར་ཐོ་བ་མཁྲེགས་པོ་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་ཕྱོགས་དང་པོར་ཡོད་པའི་ང་ཚོས་སྒྲིག་ཁྲིམས་དང་བླང་བྱ་དེ་བས་ནན་སྲུང་བྱས་ནས་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་བྱེད་པའི་སྐུ་སྲུང་བ་ཞིག་བྱེད་དགོས”ཞེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧྲེན་ཐེང་ཐེང་གིས་བརྗོད།
རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་ཀྲང་ཀྲེན་ལེའང་གིས། “ནགས་ཚལ་དང་རྩྭ་ཐང་སྡེ་ཚན་གྱི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ངས་ལས་ཀའི་དོན་དངོས་ལ་དམིགས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་དགོངས་དོན་མུ་མཐུད་སློབ་སྦྱོང་ནན་ཏན་བྱེད་པ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ངོ་བོའི་བླང་བྱར་གོ་བ་གཏིང་ཟབ་ལེན་པ། སློབ་སྦྱོང་གི་གྲུབ་འབྲས་དེ་ལས་ཀར་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་ལ་ཧུར་ཐག་སྒྱུར་བ། རང་འཁྲིར་གཞི་ཚུགས་དང་། རང་འགན་གཙང་སྒྲུབ། དམ་པ་དོན་གཉེར། རྒྱུན་མཐུད་འབད་འཐབ་བཅས་བྱས་ཏེ་སྤྱིར་བཏང་གི་ལས་གནས་ཐོག་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་དང་འགན་འཁྲི་དོན་གཉེར་བྱ་རྒྱུ་ཡིན”ཞེས་བརྗོད།
ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་མཁར་རུ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་དབྱིན་ཞའོ་ཧྥེན་གྱིས། “འགོ་འཛུགས་ས་གསར་པའི་ཐོག་ལངས་ཏེ། མཁར་རུ་ཤང་གིས‘ཐོན་ལས་ལ་བརྟེན་ནས་གྲོང་གསེབ་སྐྱོང་བ་དང་། ལམ་ལུགས་ལ་བརྟེན་ནས་བྱ་གཞག་གཏོད་པ། ཤེས་ལྡན་མི་སྣར་བརྟེན་ནས་ལས་རིགས་དར་བ། ཕྱོགས་ཡོངས་ནས་དར་རྒྱས་གཏོང་བ’བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་སྔར་བས་མཐའ་འཁྱོངས་བྱེད་པ་དང་། “གནས་གསུམ་རྒྱུད་གཅིག་དང་། ལྟེ་གཉིས་མཉམ་འགུལ། གཞི་གཅིག་ཁུལ་གཉིས”བཅས་321འཕེལ་རྒྱས་རྣམ་པ་རིམ་བཞིན་གཏོད་པ། ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱེད་པ་དང་། ཐོན་ལས་གཞི་རྟེན་དུ་བྱེད་པ། ཤེས་ལྡན་མི་སྣ་འདེགས་སྐྱོར་དུ་བྱེད་པ། དར་རྒྱས་དམིགས་ཚད་དུ་བྱེད་པའི་ཐོག་ནས་ཁྱད་ལྡན་འདེབས་འཛུགས་གསོ་ཚགས་ལས་རིགས་དང་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཡག་པོ་གཏོང་བ། ཤང་དེ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྙིང་སྟོབས་རབ་འཕེལ་དང་འབད་འབུངས་ཡར་བརྩོན་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།