དབུ་ཤོག>ཆེད་སྒྲིག
  • སྤྱིར་བཏང་མིན་པའི་གྲུབ་འབྲས་ཚོར་བར་བྱེད། འབད་འབུངས་ཡར་བརྩོན་སྟོབས་ཤུགས་གཅིག་ཏུ་བསྒྲིལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-20

    ཟླ་10ཚེས་16ཉིན་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་སློབ་སྦྱོང་ནན་ཏན་བྱས་ཤིང་། ཚང་མས་སྙན་སྒྲོན་ནང་བཏོན་པའི་བསམ་བློ་གསར་པ་དང་། ལྟ་བ་གསར་པ། དམིགས་ཚད་གསར་པ། བྱེད་ཐབས་གསར་པ་བཅས་ལ་གོ་བ་གཏིང་ཟབ་བླངས་ཏེ་ཡིད་ཆེས་བརྟན་གཏོང་དང་དམ་པ་དོན་གཉེར་གྱིས་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བཞིན་སྙིང་སྟོབས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་ཀྱིས་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད། སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད་པ་རེད།

    འོད་སྟོང་འཕྲོ་བའི་གྲུབ་འབྲས་ལས་མི་སེམས་ལ་སྐུལ་མ་ཐེབས་པ།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་དང་། སྤྱི་ཚོགས་འགན་སྲུང་མ་ལག སྨན་བཅོས་འཕྲོད་བསྟེན་མ་ལག་བཅས་བསྐྲུན་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཆེ་བ་དང་། སྔར་བས་འགན་སྲུང་། སྔར་བས་རྒྱུན་མཐུད་བཅས་ཐུབ་ནས་ཐུན་མོང་ཕྱུག་འགྱུར་གྱི་གྲུབ་འབྲས་གསར་པ་ཐོབ་པ་བསྟན་ཡོད། “ལོ་འདི་དག་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག འབྲོག་པ་ཚོའི་ཐོན་སྐྱེད་དང་། འཚོ་བ། སློབ་གསོ། སྨན་བཅོས། སྡོད་ཁང་སོགས་ཕྱོགས་གང་ཅིའི་ཐད་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། གྲོང་ཚོའི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་ཞིག་ཡིན་པའི་ངས་ཏང་གི་ཚོགས་ཆེན་ཉིི་ཤུ་པའི་སྙན་སྒྲོན་གྱི་དགོངས་དོན་ནང་སེམས་སུ་འཇགས་པ་དང་ཕྱི་དོན་ལ་འཁྱོལ་བ་བྱས་ཏེ་མུ་མཐུད་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་དང་མང་ཚོགས་ཀྱི་སྣེ་ཁྲིད་ནས་དཀའ་སྤྱད་དངོས་སྒྲུབ་དང་མཉམ་དུ་འཕེལ་རྒྱས་དོན་གཉེར་བྱས་ཏེ་ཚང་མར་དེ་བས་ཡག་པ་དང་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱེད་ཀྱི་ཡིན”ཞེས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་བར་ག་ཤང་གངས་ས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རྡོ་རྗེ་པད་མས་བརྗོད། “ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ཉན་རྗེས་རང་ཉིད་ཀྲུང་གོ་བ་ཞིག་ཡིན་པར་སེམས་གཏིང་ནས་སྤོབས་པ་སྐྱེས་བྱུང་། མྱོང་ཚོར་ཟབ་ཤོས་ནི་ཉེ་བའི་ལོ་བཅུའི་རིང་འཚོ་བར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དེ་ཡིན། རྒྱལ་ཁབ་ཀྱི་སྲིད་ཇུས་རྒྱུན་ཆད་མེད་པར་མཐའ་མཚམས་ས་ཁུལ་དང་གྲོང་གསེབ་ལ་ཕྱོགས་པས་ཚང་མའི་སྡོད་གནས་ཀྱི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་། སྨན་བཅོས་ཀྱི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པ། དམངས་ཕན་སྲིད་ཇུས་ཁག་ཚང་མ་དོན་ཐོག་ཏུ་འཁྱོལ་བ། འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་སུ་ཕྱིན་པ་བཅས་ལས་འབྱུང་འགྱུར་གྱི་འཚོ་བ་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་ཆུ་སྟོད་གྲོང་ཚོའི་ལྟ་སྐུལ་ཨུ་ཡོན་ཕུན་ཚོགས་ཀྱིས་བརྗོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་རུལ་རྒོལ་འཐབ་རྩོད་བྱས་ཏེ། “མི་བརྒྱ་སྟོང་ལ་ཕོག་ཐུག་གཏོང་དགོས་བྱུང་ཡང་། མི་དུང་ཕྱུར་བཅུ་བཞིའི་རེ་བ་ཆུད་ཟོས་སུ་མི་གཏོང་བའི”འགན་འཁྲི་འཁུར་ལེན་གྱིས་གཅོང་འཇོམས་ཟིང་བཅོས་བྱས་པ་དང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་བ། “སྟག་རྡུང”དང“སྦྲང་གསོད”དང“ཝ་རྔོན”བཅས་ཐབས་མང་མཉམ་སྤྱོད་བྱས་པས་རུལ་རྒོལ་འཐབ་རྩོད་ལ་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་མ་ཟད། ཕྱོགས་ཡོངས་ནས་སྲ་བརྟན་དུ་ཕྱིན་པའི་ཁར། ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་ནང་ཁུལ་དུ་གནས་པའི་མངོན་མེད་རྐྱེན་ངན་ཚབས་ཆེན་ཡང་བསལ་བ་རེད། གནད་དོན་དེར་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལྟ་སྐུལ་ལྟ་ཞིབ་ཁང་དྲུག་པའི་ཀྲུའུ་རེན་ཝང་ཧྲི་ཡུས་ཀྱིས“རུལ་རྒོལ་འཐབ་རྩོད་ཀྱིས་ཡུན་རིང་བཀག་འདོམས་བྱེད་མ་ཐུབ་པའི་སྤྱོད་ངན་བཀག་འདོམས་ཐུབ་པ་དང་། ལོ་མང་རིང་བཅོས་མ་ཐུབ་པའི་གཅོང་ནད་ཁག་གཅིག་བཅོས་ཐུབ་པས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་ཅེས་བརྗོད།

    བརྗིད་ཆེའི་འཆར་འགོད་ལས་མི་རྣམས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་མ་ཐེབས་པ།

    མངའ་རིས་ས་ཁུལ་གྲོང་གསེབ་དར་རྒྱས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཅ་ཁྲུན་ཤང་གིས“བློ་མཐུན་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་ནང་འདས་ཟིན་པའི་ལོ་ལྔའི་རིང་གི་འབད་འཐབ་གྲུབ་འབྲས་དང་དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེར་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་པ་དང་། ཚན་རིག་དང་མཐུན་པའི་ངང་རང་རྒྱལ་གྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་འགོད་བྱས་པ། གྲོང་གསེབ་དར་རྒྱས་གཏོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་སོགས་བཏོན་ཡོད། དུས་བབ་གསར་པ་དང་། ལས་འགན་གསར་པ། བཀོད་སྒྲིག་གསར་པ། བླང་བྱ་གསར་པ་བཅས་ཀྱི་མདུན་དུ་ངས་རང་ངོས་ཀྱི་ལས་གནས་ཐོག་གཞི་ཚུགས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ནང་ཞུགས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བརྗོད།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ལེགས་པར་གཉེར་བ་དང་། མི་དམངས་ལྟེ་བར་འཛིན་པའི་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བ། བྱང་ཚད་སློབ་གསོ་འཕེལ་རྒྱས་གཏོང་བ། སློབ་གསོ་དྲང་གཞག་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་བསྟན་ཡོད། “སློབ་གསོའི་ལས་དོན་པ་ཞིག་ཡིན་པའི་ངས་ལོ་བཅུ་པོ་འདིའི་ནང་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་། བོད་ཀྱི་སློབ་ཁྲིད་ཁོར་ཡུག་ལེགས་སུ་ཕྱིན་པ། སློབ་ཁྲིད་སྤུས་ཚད་མཐོ་རུ་ཕྱིན་པ། རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་སློབ་ཁྲིད་སྒྲིག་བཀོད་དང་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་པ་བཅས་མིག་མཐོང་ལག་ཟིན་བྱུང་། དེ་དག་ཚང་མ་ནི་རང་རྒྱལ་གྱི་སློབ་གསོ་དྲང་གཞག་ཡིན་པའི་མཚོན་ཚུལ་ཞིག་རེད”ཅེས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་སློབ་སྦྱོང་བྱས་རྗེས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་དགེ་རྒན་ཀྲང་ཨའེ་ཕིང་གིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བརྗོད།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་དུ་མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་མགྱོགས་མྱུར་འཛུགས་རྒྱུ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་བླང་བྱ་ཡིན་ཞེས་བསྟན་ཡོད། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་མི་དམངས་དྲག་ཆས་པུའི་པུའུ་ཀྲང་བཀྲ་ཤིས་ཚེ་རིང་གིས“དུས་རབས་གསར་པའི་ཀྲུང་གོའི་དམག་མི་ཞིག་ཡིན་པའི་ངོས་ནས་ང་ཚོས་ངེས་པར་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ནན་ཏན་བྱས་ཏེ་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་བྱས་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ། དམག་དཔུང་སྟོབས་ཆེར་གཏོང་བ་དང་དམག་དཔུང་དར་རྒྱས་གཏོང་བའི་ལས་འགན་ལྕི་པོ་ཕྲག་ཐོག་ཏུ་འཁུར་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་རྣམ་པ་གསར་པ་གཏོད་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས”ཞེས་བརྗོད།

    དམིགས་ཚད་གཞི་རྩར་འཛིན་ནས་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་པ།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཚོགས་སྤྱིའི་རྩ་འཛུགས་སྒྱུར་བཅོས་དང་འཛུགས་སྐྱོང་གཏིང་ཟབ་བྱས་ནས་འབྲེལ་ཟམ་དང་སྒྲོག་ཐག་གི་ནུས་པ་འདོན་སྤེལ་ནུས་ལྡན་བྱེད་དགོས་ཞེས་བཏོན་ཡོད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲུའུ་ཞི་ཕུར་བུ་སྒྲོལ་མས“བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པ་ཞིག་གི་ངོས་ནས་སླད་ཕྱིན་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལས་དོན་ཁྲོད་དོན་འཁྱོལ་བྱས་ཏེ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་སྔར་བས་ཞིབ་ཚགས་དང་སྔར་བས་ཏན་ཏིག་བསྒྲུབས་ནས་བུད་མེད་མང་ཚོགས་ཀྱི་དེ་བས་མང་བའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་གི་ཡིན”ཞེས་བརྗོད།

    བོད་ལྗོངས་སློབ་ཆེན་བོད་རིག་པ་ཞིབ་འཇུག་སུའོ(ཇོ་མོ་གླང་མ་ཞིབ་འཇུག་སུའོ)ཡི་དགེ་རྒན་ཆེ་མོ་བ་ཁྲེན་ཐེན་ལུའུ་ཡིས་བོད་ལྗོངས་སློབ་ཆེན་གྱི་ཏང་ཡོན་དགེ་རྒན་ཞིག་ཡིན་པའི་ངོས་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཐུབ་པ། “སྤྱི་ཡོངས་གཉིས”བློ་ལ་འཆང་བ།“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་འཆང་བ་བཅས་བྱས་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བཅས་བྱས་ཏེ་བོད་ཀྱི་མཐོ་རིམ་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་གི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།