སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཉིང་ཁྲིའི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས།
“ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་209.01ཟིན་པ་དེ་2012ལོའི་ལྡབ་2.89ཡིན་པ་དང་། གྲོང་ཁྱེར་གྲོང་རྡལ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་སྒོར་41346དང་སྒོར་21767ཟིན་པ་དེ་2012ལོའི་ལྡབ་2.56དང་ལྡབ་2.90 ཡུལ་སྐོར་བར་སྣེ་ལེན་བྱེད་ཚད་མི་ཐེངས་ཁྲི་1006.07དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་83.75ཟིན་པ་དེ་2012ལོའི་ལྡབ་4.49དང་ལྡབ་4.51རེད”
ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་ཉིང་ཁྲིའི་གྲོང་ཁུལ།
གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་ཨའོ་ལིའུ་ཆོན་གྱིས་གྲངས་གཞི་མང་དག་ཅིག་དྲངས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཉིང་ཁྲིའི་ཡར་ངོའི་ཟླ་བ་ལྟ་བུའི་འཕོ་འགྱུར་ཆེན་པོ་མཚོན་པར་བྱེད་ཀྱི་འདུག
ཉིང་ཁྲི་གྲོང་ཁྱེར་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་།
འཁོར་སྐྱོད་ཚོད་ལྟ་བྱེད་བཞིན་པའི་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ཡར་ཀླུང་གཙང་པོའི་འགྲམ་ནས་སྐྱོད་བཞིན་པ།
ཨའོ་ལིའུ་ཆོན་གྱིས་གསུངས་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་གཟིགས་ཞིབ་མཛུབ་ཁྲིད་གནང་བར་ཕེབས་སྐབས་དང་ཐོག་ཉིང་ཁྲིར་ཕེབས་ཏེ། ཉིང་ཁྲིའི་སྐྱེ་ཁམས་སྲུང་སྐྱོང་དང་། གྲོང་ཁྱེར་འཛུགས་སྐྲུན། དམངས་འཚོ་ལེགས་གཏོང་། ཡུལ་སྐོར་འཕེལ་རྒྱས་བཅས་ལ་མཛུབ་སྟོན་གལ་ཆེན་གནང་ནས། ང་ཚོས་ལས་ཀ་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་། རྩ་བའི་གཞི་འཛིན་ས་མཁོ་འདོན། སྒུལ་ཤུགས་ཆེན་པོ་བསྣན་ཡོད།
ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཚ་བ་རོང་ཤང་སྲང་ཐ་གྲོང་ཚོའི་ནུའུ་རིགས་མང་ཚོགས་ཚོས་སེ་འབྲུ་འཐུ་བཞིན་པ།
ཨའོ་ལིའུ་ཆོན་གྱིས་གསུངས་དོན། འདས་ཟིན་པའི་ལོ་བཅུའི་རིང་། ཉིང་ཁྲིའི་གྲུབ་འབྲས་ཆེ་ཤོས་ནི་དམངས་འཚོའི་བདེ་རྩ་ཉིན་བཞིན་ཆེ་རུ་ཕྱིན་ཡོད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་བཙུགས་ཏེ་ལས་ཞུགས་དང་། སློབ་གསོ། སྨན་བཅོས་སོགས་དམངས་འཚོའི་བྱ་གཞག་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་དང་། དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་བླངས་པ། ལས་ཞུགས་ལས་གཏོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་བཅས་ལས། དམངས་འཚོའི་བྱ་གཞག་ཁྱོན་ཡོངས་ནས་ལེགས་སུ་ཕྱིན་པས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད།
གྲོང་གསར་ཤང་གི་ནགས་སྲུང་བ་སྟོབས་རྒྱལ་གྱིས་སྤྲེལ་སྲུང་སྐྱོང་ཁུལ་དུ་སྤྲེལ་ལྟོ་སྟེར་བཞིན་པ།
ཨའོ་ལིའུ་ཆོན་གྱིས་གསུངས་དོན། འདས་པའི་ལོ་བཅུའི་རིང་། ཉིང་ཁྲིའི་བཀྲག་མདངས་འཚེར་ས་ཆེ་ཤོས་ནི་སྔོ་ལྗང་འཕེལ་རྒྱས་རིམ་སྤོར་བྱུང་ཡོད། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་དང་མཉམ་འདྲེས་ཡོང་བ་བཅས་བྱས་ནས་ཉིང་ཁྲིའི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་དང་། ཐོན་ཁུངས། ས་བབ་སོགས་ཀྱི་ལེགས་ཆར་བརྟེན་ནས། སྔོ་ལྗང་རི་ཀླུང་གསེར་རི་དངུལ་རི་ལས་ལྷག་པའི་ཐབས་ལམ་བཟང་པོ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་གྱིས་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་གྱིས་ནང་ཐོན་འཕེལ་ནུས་ཆེ་རུ་གཏོང་བ། སྒྱུར་བཅོས་སྒོ་དབྱེར་དམ་འཛིན་གྱིས་གསོན་ཤུགས་སྣོན་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་དམ་འཛིན་གྱིས་མི་མངོན་པའི་སྟོབས་ཤུགས་འཕེལ་བ་བཅས་ལ་དོ་སྣང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།
ཀླུ་ནང་གི་གཞོན་ནུ་ཤེས་ཡོན་ཅན་གྱིས་ཉིང་ཁྲི་ཚན་རྩལ་ཅུས་ཀྱི་ཏང་ཡོན་ལས་བྱེད་པ་དང་མཉམ་དུ་གཞོན་ནུ་ཤེས་ཡོན་ཅན་བྱེད་སྐབས་ཀྱི་སྐོར་གླེང་བཞིན་པ།
ཨའོ་ལིའུ་ཆོན་གྱིས་གསུངས་དོན། འདས་པའི་ལོ་བཅུའི་རིང་ཉིང་ཁྲིའི་འགན་སྲུང་ཆེ་ཤོས་ནི་སྤྱི་ཚོགས་ཀྱི་དུས་བབ་ཞི་མཐུན་བརྟན་ལྷིང་རེད། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་བཙུགས་ཏེ། བརྟན་ལྷིང་སྲུང་སྐྱོང་བྱེད་པ་ལས་འགན་ཨང་དང་པོར་བརྩིས་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། སྤྱི་ཚོགས་བཅོས་སྐྱོང་གི་འཇོན་ཐང་མུ་མཐུད་ཆེ་རུ་བཏང་བ། ཆོས་ལུགས་ལས་དོན་ལ་བྱས་རྗེས་གསར་པ་བཞག་པ། མི་རིགས་མཐུན་སྒྲིལ་ལ་རྣམ་པ་གསར་པ་བཏོད་པ་བཅས་ཉིང་ཁྲིའི་སྤྱི་ཚོགས་དུས་བབ་རིམ་བཞིན་ཡུན་རིང་བདེ་འཁོད་ཀྱི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་བཏང་བས། གྲོང་ཁྱེར་ཡོངས་སུ་ཕྱོགས་བསྡུས་དུས་བདེ་གཏོད་ཚད་97%ཡན་ཟིན་ནས་རྒྱལ་ཡོངས་ཀྱི་དུས་བདེ་གཏོད་པའི་མཚན་སྙན་མཐོ་ཤོས“ཁྲང་ཨན་བུམ་པ”ཐོབ་པ་རེད།
ཉིང་ཁྲིའི་ཕྱོགས་མཚམས་གང་སར་བཞད་པའི་ཁམ་བུའི་མེ་ཏོག
ཨའོ་ལིའུ་ཆོན་གྱིས་གསུངས་དོན། མིག་སྔར་ང་ཚོར་འཕྲད་པའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས། ཉིང་ཁྲིའི་གོང་འོག་ཚང་མས་རང་རྟོགས་ངང་ཉིང་ཁྲིའི་ལས་དོན་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་དང་རང་སྐྱོང་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་ཁྲོད་དུ་བཞག་སྟེ། ཉིང་ཁྲིའི་སྲིད་ཇུས་ཀྱི་ལེགས་ཆ་དང་། ས་བབ་ཀྱི་ལེགས་ཆ། བོད་སྐྱོར་གྱི་ལེགས་ཆ། གནམ་གཤིས་ཀྱི་ལེགས་ཆ། ཐོན་ཁུངས་ཀྱི་ལེགས་ཆ་བཅས་གང་ལེགས་བཏོན་ཏེ“འཛུགས་གཏོད་བཞི”བྱེད་རིང་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཉིང་ཁྲིའི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས།