ཚེས་16ཉིན་གྱི་ཕྱི་དྲོར། ཏང་གི་ཚོགས་ཆེན་ཉི་ཤུ་པའི་བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་དགོངས་དོན་ལ་མཉམ་སྡེབ་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་ར།
ཝང་ཅུན་ཀྲེང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་དུ་ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་དབྱེ་ཞིབ་གནང་བ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་གྱི་ལས་དོན་ལ་ཚན་རིག་དང་མཐུན་ཞིང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་གནང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཀྱི་མཐོ་ཚད་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་འཕྲད་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་རྒྱས་བཤད་གནང་བས། སྙན་སྒྲོན་ཧྲིལ་པོར་ལོ་རྒྱུས་དངོས་གཙོ་རིང་ལུགས་དང་རྩོད་སྒྲུབ་དངོས་གཙོ་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ཡོངས་སུ་ཁྱབ་ནས་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་གཟི་འོད་འཕྲོ་བཞིན་ཡོད་པ། ཀྲུང་གོ་གུང་ཁྲན་ཏང་གིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་སྐྱོད་པའི་བློ་སྟོབས་བརྟན་པོ་ནི་རང་རེའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན་པ་གསལ་སྟོན་གནང་བ་བཅས་ལས། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་བསམ་བློའི་ངོས་འཛིན་གཅིག་གྱུར་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ལ་ལོ་རྒྱུས་ཀྱི་དོན་སྙིང་དང་དངོས་ཡོད་ཀྱི་དོན་སྙིང་གལ་ཆེ་གཏིང་ཟབ་ལྡན་པར་བརྟེན། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་སྐུལ་ལྕག་ཆེན་པོ་ཐེབས་པ་དང་སེམས་ཤུགས་ཆེན་པོ་འཕེལ་ནས། མཐུན་སྒྲིལ་དང་འབད་འཐབ་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་ཐུབ་ངེས་རེད།
ཚོགས་ར།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་དགོངས་དོན་ལ་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་གོ་བ་བླངས་ཏེ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ཏེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་དགོས་པ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ། མཐའ་གསལ་མཐིལ་རྟོགས་དང་སློབ་སྦྱོང་། ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་གོ་བ་ལེན་པ། སྙན་སྒྲོན་དུ་འདུས་པའི་འཇིག་རྟེན་གྱི་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཧུར་ཐག་ཆུད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་དགོངས་དོན་གྱི་བསམ་བློའི་སྙིང་བཅུད་དང་ལྟེ་བའི་དོན་སྙིང་ལ་གོ་བ་གནད་སྨིན་ལེན་པ། དུས་རབས་གསར་པའི་ཐོག་མའི་གསར་གཏོད་རང་བཞིན་གྱི་བསམ་བློ་དང་། འཕོ་འགྱུར་རང་བཞིན་གྱི་ལག་ལེན། ཚད་བརྒལ་རང་བཞིན་གྱི་འཕེལ་རིམ། མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་བཅས་ཁོང་དུ་གཏིང་ཟབ་ཆུད་པ་བཅས་བྱས་ནས། མི་སེམས་ལ་ཟུག་པ་དང་ཤེས་སྦྱོར་གཅིག་མཐུན་ཡོང་བར་བྱེད་དགོས། མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆ་དང་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་སྤྱད་དེ་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་གཞི་རིམ་དུ་དྲིལ་བསྒྲགས་དང་མང་ཚོགས་ལ་དྲིལ་བསྒྲགས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱིམ་ཚང་ཀུན་ལ་ཤེས་སུ་བཅུག་པ་དང་མང་ཚོགས་ལ་རིགས་པའི་གཞུང་ལུགས་ནང་བྱན་ཆུད་དུ་བཅུག་ནས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོར་འགྱུར་བར་བྱེད་དགོས།