ལས་གནས་གཉིས་ལྡན་ནི་འགན་འཁྲི་ཞིག་རེད་ལ་མི་སེམས་འགུལ་བ་ཞིག་ཀྱང་རེད།
དད་སེམས་ཀྱིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་། འགན་འཁྲིས་ཡར་བརྩོན་ལ་སྐུལ་མ་ཐེབས། ཏང་གི་འཐུས་མི་2000ལྷག་ཙམ་ཚོགས་འདུ་གཟབ་རྒྱས་ལ་མཉམ་དུ་ཞུགས་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཧུར་ཐག་བསྐྱོད་ཡོད།
དེའི་ཁྲོད་རྒྱལ་ཡོངས་ཀྱི་སྤྱི་བདེའི་ཁོངས་གཏོགས་ནས་ཡོང་བའི་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་འཐུས་མི་32ཡོད་པ་དང་། རང་ལྗོངས་ཀྱི་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་སྤྱི་བདེ་ཅུས་ལྷ་རྒྱལ་ཤང་མངགས་གཏོང་ཁང་ནས་ཡོང་བའི་རིམ་པ་དང་པོའི་ཉེན་རྟོག་དཔོན་ཚེ་རིང་དབང་མོ་ནི་དེའི་གྲས་ཀྱི་གཅིག་རེད།
ཚེ་རིང་དབང་མོ་ནི་གཟི་བརྗིད་ལྡན་པའི་མི་དམངས་ཉེན་རྟོག་པ་ཞིག་ཡིན་པས་མ་ཚད་ད་དུང་ཁོང་ལ་ལས་གནས་གཞན་ཞིག་ཀྱང་ཡོད་པ་སྟེ། གོ་འཇོ་རྫོང་ལྷ་རྒྱལ་ཤང་དགོན་གསར་དགོན་དོ་དམ་ཨུ་ལྷན་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཡང་རེད། 2008ལོར་ལས་ཀར་ཞུགས་པའི་ཁོང་གིས་དགོན་སྡེར་བཅའ་སྡོད་ལས་ཀ་ལོ་14བསྒྲུབས་ཤིང་། དེའི་རིང་ཚེ་རིང་དབང་མོས་འགན་འཁྲི་སྔར་བས་ལྷག་པར་ཁུར་ལ་གྲུབ་འབྲས་ཀྱང་སྔར་ལས་མང་བ་ཐོབ་ཡོད།
“ལྷ་རྒྱལ་ཤང་དགོན་གསར་དགོན་ནི་གོ་འཇོ་རྫོང་གི་དགོན་སྡེ་ཆེན་པོ་ཞིག་རེད། དེ་གར་མི་མང་ལ་ས་རྒྱ་ཆེ་བས་དོ་དམ་བྱ་རྒྱུར་དཀའ་ངལ་ངེས་ཅན་ཡོད་ནའང་། ན་གཞོན་ལས་བྱེད་པ་ཞིག་གི་ངོས་ནས་འབད་འཐབ་བྱེད་ཕོད་པ་དགོས”ཞེས་ཚེ་རིང་དབང་མོས་བཤད་ཅིང་། ཁོང་གིས་དེ་ལྟར་བྱས་ནས་བློ་རྩེ་གཅིག་སྒྲིམ་ངང་དགོན་སྡེའི་ཞབས་ཞུ་དོ་དམ་གྱི་ལས་ལ་གཞོལ་ནས་ལོ་བཅུ་ལྷག་ཙམ་ཕྱིན་ཡོད།
དགོན་སྡེ་དོ་དམ་ཨུ་ལྷན་གྱི་འགན་འཁུར་བ་ཡིན་པའི་ཚེ་རིང་དབང་མོས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་། མི་རིགས་ཆོས་ལུགས་སྲིད་ཇུས། ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་བཅས་དྲིལ་བསྒྲགས་ཧུར་ཐག་བྱས་ཁར། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དྲིལ་བསྒྲགས་དང་སློབ་གསོ་གཏོང་བའི་ལས་དོན་ཡང་སྤེལ་བ་མ་ཟད། གདོང་དང་གདོང་ཐུག་པ་དང་གཅིག་སེམས་གཅིག་གཏད་ཀྱི་སྒོ་ནས་གྲྭ་པའི་བདེ་སྡུག་ལ་ཉན་འཇོག་བྱེད་ཀྱི་ཡོད།
“ང་ནི་ཏང་གིས་གྲྭ་པ་ཚོར་ཞབས་འདེགས་ཞུ་བར་མངགས་པ་ཞིག་ཡིན་པས། དུས་དང་རྣམ་པ་ཀུན་ཏུ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས། གྲྭ་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་བྱ་བ་ཞིག་ཡིན་ཕྱིན་རང་ཉིད་ཀྱི་བྱ་བར་བརྩིས་ནས་ཡག་པོ་སྒྲུབ་དགོས”ཞེས་པའི་ཐོག་མའི་བསམ་འདུན་དེར་བརྟེན་ནས་ཁོང་དང་གྲྭ་པ་རྣམས་ཀྱིས་སེམས་པ་ཕྱོགས་གཅིག་ཏུ་གཏད་པ་དང་ཤུགས་ཕྱོགས་གཅིག་ཏུ་བརྒྱབ་ནས་དགོན་སྡེའི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱས་ཤིང་། “ཏང་གི་སྲིད་ཇུས་ཧ་ཅང་ཡག་པོ་འདུག ང་ཚོ་གྲྭ་པ་ཚོའི་དངོས་ཡོད་ཀྱི་དཀའ་ངལ་མང་པོ་ཐག་གཅོད་བྱས་སོང” “བུད་མེད་ལས་བྱེད་པ་ཁོང་ཧ་ཅང་སེམས་རྩ་འཁོལ་བས་ང་ཚོ་རང་ཉིད་ཀྱི་གཉེན་ཉེ་ལས་ལྷག་པ་ཡོད”ཅེས་ཏང་གི་བྱ་གཞག་ལ་བཅངས་པའི་སྤྲོ་སེམས་རབ་ཏུ་འཁོལ་བ་དང་ལས་དོན་ཏན་ཏིག་སྒྲུབ་པའི་སྤྱོད་ཚུལ་ལ་བརྟེན་ཏེ་ཚེ་རིང་དབང་མོས་རང་ཉིད་ཀྱི་བྱ་སྤྱོད་ངོ་མའི་ཐོག་ནས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་ཞིག་གིས་འཁུར་འོས་པའི་འགན་འཁྲི་བསྒྲུབས་པ་དང་བྱས་རྗེས་བཞག་པར་རྒྱ་ཆེའི་གྲྭ་པ་རྣམས་ཀྱིས་བསྔགས་བརྗོད་དེ་ལྟར་ཐོབ།
ཚེ་རིང་དབང་མོར་མཚོན་ན། ཁོང་ཚོའི་བབ་ཆགས་ཟོལ་མེད་ཀྱི་སྐད་ཆ་དེ་དག་ནི་ཁོང་གི་ལས་ཀར་ཁས་ལེན་གང་ལེགས་བྱས་པ་ཞིག་ཡིན་ལ། ལས་ཀའི་གྲུབ་འབྲས་གཟེངས་སུ་ཐོན་པས་ཚེ་རིང་དབང་མོར་སྔ་རྗེས་སུ་དགོན་སྡེར་བཅའ་སྡོད་ཀྱི་རང་སྐྱོང་ལྗོངས་རིམ་པའི་ཕུལ་བྱུང་ལས་བྱེད་པ་དང་། གྲོང་ཁྱེར་རིམ་པའི་སྔོན་ཐོན་ལས་དོན་པ། དགོན་སྡེར་བཅའ་སྡོད་ཀྱི་རྫོང་རིམ་པའི་ཕུལ་བྱུང་ལས་བྱེད་པ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།
“ངས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་མཚན་སྙན་ལ་གཅེས་སྤྲས་དང་ཏང་གི་འཐུས་མི་ཞིག་གི་གཟི་བརྗིད་འགན་འཁྲི་ཏན་ཏིག་བསྒྲུབས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་སྒྲུབ་ཀྱི་ཡིན”ཞེས་ཚེ་རིང་དབང་མོས་བློ་རྩ་བརྟན་པོས་བཤད།