དབུ་ཤོག>ཆེད་སྒྲིག
  • མཐའ་མཚམས་སུ་རྩ་བ་ཚུགས་ནས་ལང་ཚོའི་རིན་ཐང་མངོན་པར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-16

    “ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིར་བདམས་པ་ནི་ཧ་ཅང་གཟི་བརྗིད་ལྡན་པ་ཞིག་རེད་ལ། འགན་འཁྲི་དེ་བས་ལྕི་བའི་ཚོར་སྣང་འདུག ངས་ངེས་པར་དུ་ནུས་ཤུགས་ཡོད་རྒུས་ཏང་གི་ཆེད་དུ་འགན་འཁྲི་ཡག་པོ་སྒྲུབ་པ་དང་དམངས་ཀྱི་ཆེད་དུ་བྱ་བ་བཟང་པོ་བསྒྲུབས་ཏེ། ཤང་ཡོངས་ཀྱི་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཐའ་མཚམས་སྲུང་བ་དང་ཁྱིམ་གཞིས་འཛུགས་སྐྲུན་བྱས་ནས་ཏང་དང་མི་དམངས་ཀྱི་ཡིད་ཆེས་ཆུད་ཟོས་སུ་གཏོང་གི་མིན”ཞེས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་སྐྱིད་པ་མོན་པ་མི་རིགས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཤང་ཀྲང་བསོད་ནམས་བདེ་སྐྱིད་ཀྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བཤད།

    2003ལོར་མོན་པ་རིགས་ཀྱི་བསོད་ནམས་བདེ་སྐྱིད་ཧུའུ་ནན་བུད་མེད་ལས་རིགས་སློབ་ཆེན་དུ་ཚུད་ཅིང་། སློབ་གྲྭ་ཐོན་རྗེས་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་དུ་རྒྱུགས་འཕྲོད་ནས་ཤང་གྲོང་གི་གཞུང་ལས་པ་ཞིག་ཏུ་གྱུར། 2015ལོར་ཁོང་ལེགས་པོ་རོང་དུ་གནས་པའི་སྐྱིད་པ་མོན་པ་མི་རིགས་ཤང་དུ་ལོག ལས་ཀར་ཞུགས་པ་ནས་བཟུང་། ཁོང་གིས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཟོལ་མེད་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུས་ནས་ཟོལ་མེད་ངང་དངོས་སྒྲུབ་བྱེད་རིང་གཞི་རིམ་ཏང་ཡོན་ལས་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བཞིན་ཡོད།

    སྐྱིད་པ་མོན་པ་མི་རིགས་ཤང་ནི་རི་བོ་ཧི་མ་ལ་ཡའི་ལྷོ་ངོས་སུ་གནས་ཤིང་། ཁོར་ཡུག་མཛེས་ཤིང་གནམ་གཤིས་ཚ་གྲང་སྙོམས་པོ་ཡོད་མོད། འོན་ཀྱང་ལུང་ཁུག་ཡིན་པའི་དབང་གིས་ལེགས་པོ་རོང་གི་ཤང་དང་གྲོང་རྡལ་བཞིའི་ཁྲོད་ནས་རྨང་གཞི་སྐྱོ་ཤོས་རེད། ཇི་ལྟར་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ཏེ་འཕེལ་རྒྱས་ཀྱི“རང་བརྟེན”ནུས་པ་ཆེ་རུ་གཏོང་བ་ནི་བསོད་ནམས་བདེ་སྐྱིད་ཀྱིས་བསམ་བློ་གཏོང་མང་ཤོས་ཀྱི་བྱ་བ་ཞིག་ཏུ་གྱུར།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཕྱོགས་ཡོངས་ནས་རྒྱག་འགོ་ཚུགས་རྗེས། “མང་ཚོགས་དབུལ་པོ་གཅིག་ཀྱང་མ་ལུས་པ་བྱེད་པའི”བསམ་ཚུལ་ལ་གཞིགས་ཏེ་བསོད་ནམས་བདེ་སྐྱིད་ཀྱིས་སེམས་ནུས་ཡོད་རྒུ་དབུལ་སྐྱོར་ལས་དོན་ལ་བཏོན་ནས་གནས་ཚུལ་མཐིལ་རྟོགས་བྱ་ཆེད། ཁོང་གིས་ཤང་དེ་ཡོངས་ཀྱི་དུད་ཚང་ཚང་མར་བསྐྱོད་པར་ལོ་རེར་ཆ་སྙོམས་ལམ་ཐག་སྤྱི་ལེ་4000ཟིན་པ་དང་དུད་ཚང་ཚང་མའི་གནས་ཚུལ་གསལ་པོར་ཤེས་ཀྱི་ཡོད་ལ། མང་ཚོགས་ཀྱི་གནད་དོན་སྣ་ཚོགས་བཀོད་ནས་ཟིན་བྲིས་ཁེངས་ཡོད།

    སྔ་ཙམ་དབུལ་པོའི་རྩ་བ་དྲུང་ནས་འབྱིན་ཆེད། བསོད་ནམས་བདེ་སྐྱིད་ཀྱིས་ཤང་ཡོངས་ཀྱི་ལས་བྱེད་པ་དང་མཉམ་དུ་ཐོན་ལས་ཀྱི་ཞན་ཆ་བཙལ་ནས་མང་ཚོགས་ཚོའི་སྣེ་ཁྲིད་དེ་ཡུལ་བབ་དང་བསྟུན་ནས་བྲ་བོ་འདེབས་འཛུགས་ལས་རིགས་འཕེལ་རྒྱས་བཏང་སྟེ་བྲ་བོའི་སྔས་མགོ་དང་། བྲ་བོའི་རྩམ་པ། བྲ་བོའི་ཇ་སོགས་བཟོས་པ་དང་ཆབས་ཅིག བྲ་བོའི་ཨ་རག“མོན་ཡུལ་གྱི་བདུད་རྩི”ཞེས་པ་སྙོལ་གྱི་ཡོད། དེ་དང་ཆབས་ཅིག་ད་དུང་ལེགས་པོ་རོང་མཛེས་ལྗོངས་ཁུལ་གྱི“གསེར་གྱི་མིང་བྱང”གང་ལེགས་སྤྱད་དེ་རང་རོང་མཚོ་སོགས་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་བ་དང་མང་ཚོགས་ལ་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གཉེར་རྒྱུའི་ཁྲིད་སྟོན་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་ཞན་ཆ་ནུས་ཤུགས་ཡོད་རྒུས་གསབ་པ་རེད།

    རྒྱུན་ཆད་མེད་པར་འབད་བརྩོན་བྱས་པ་བརྒྱུད། སྐྱིད་པ་མོན་པ་མི་རིགས་ཤང་གི་སྲིད་འཛིན་གྲོང་ཚོ་སྐྱིད་པ་གྲོང་ཚོ་དང་རང་གྲོང་ཚོ་གཉིས་པོར“གྲོང་ཚོ་རེར་སྤུས་རྟགས་རེ”དང“གྲོང་ཚོ་རེར་ལས་རིགས་རེ”མངོན་འགྱུར་བྱུང་ཡོད། 2018ལོར། ཤང་དེའི་གྲོང་ཚོ་ཡོངས་སྔོན་ལ་དབུལ་སྒྲོལ་ཐུབ་ནས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་10%ཡན་རྒྱུན་འཁྱོངས་ཐུབ་ཡོད། 2021ལོར་ཤང་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.1ལྷག་ཙམ་ཟིན་པ་རེད།

    ལོ་མང་རིང་། བསོད་ནམས་བདེ་སྐྱིད་ཀྱིས་གཞི་རིམ་དུ་གཞིས་ཚུགས་ནས་མང་ཚོགས་ཀྱི“གྲོགས་པོ”དང“ལམ་སྟོན་པ”བྱས་ཏེ་མཐའ་མཚམས་རི་གྲོང་གི་འཕོ་འགྱུར་ཆེན་པོ་མིག་མཐོང་ལག་ཟིན་དང་དངོས་སུ་བརྒྱུད་ཡོད། མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ལྡན་ཞིང་མཐའ་མཚམས་ཀྱི་ཉིན་རེ་ལས་མ་འདས་པའི་འཕེལ་རྒྱས་ལས་ཁོང་ལ་མྱོང་ཚོར་མང་པོ་ཞིག་བྱུང་ཞིང་། ཁོང་གིས“ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་དང་གཞི་རིམ་གྱི་ལས་བྱེད་པ་ཡིན་པའི་ངོས་ནས་ངས་ངེས་པར་དུ་འབད་བརྩོན་ལྡབ་འགྱུར་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱ་ཆེད་རང་ནུས་ཡོད་ཚད་འདོན་གྱི་ཡིན”ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།