ཁ་གསབ་དངུལ་སྤྲོད་པ་སོཌ་ཉིང་ཁྲིས་སྲིད་ཇུས་ཁག་མི་འདྲ་བ་30བཏོན་འདུག
ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ངན་པར་ཁ་གཏད་ནུས་ལྡན་བཅགས་ནས། རྒྱ་ཆེའི་ཁྲོམ་རའི་བྱེད་པོ་དང་། ལྷག་པར་དུ་ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་སྒེར་གཉེར་བཟོ་ཚོང་དུད་ཚང་ལ་དཀའ་གནད་སེལ་རོགས་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་ཏན་ཏིག་དང་དམངས་འཚོའི་མཐའ་ཚད་བརྟན་པོ་བསྲུང་ཆེད། རང་གྲོང་ཁྱེར་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱེད་ཐབས་འདི་བཟོས་པ་ཡིན།
གཅིག གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས།
1.མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་སོགས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། དུས་འགོར་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དང་དམིགས་བསལ་དཀའ་ངལ་ཡོད་པའི་མིར་ཐེངས་གཅིག་ལ་འཚོ་བའི་ཁ་གསབ་སྒོར་600འཐོལ་པ་སྤྲད་པ་ཕུད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དང་དམིགས་བསལ་དཀའ་ངལ་ཡོད་མཁན་ལ་ཐེངས་གཅིག་ལ་སླར་ཡང་འཚོ་བའི་ཁ་གསབ་སྒོར་600སྤྲོད་རྒྱུ་དང་2022ལོའི་ཟླ་12པའི་ཟླ་མཇུག་གོང་ཁ་གསབ་སྤྲད་ཟིན་པ་བྱེད་རྒྱུ།
2.ལས་ཀ་ཤོར་ནས་འཚོ་བར་དཀའ་ངལ་ཡོད་མཁན་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། མ་མཐའི་འཚོ་བ་འགན་ལེན་གྱི་ཁོངས་སུ་ཚུད་མེད་པ་དང་། རིམས་ནད་ཀྱི་རྐྱེན་པས་ལས་གནས་སུ་ལོག་ཐབས་བྲལ་ཞིང་། ཟླ་3བསྟུད་མར་ཡོང་སྒོ་མེད་པ་དང་། འཚོ་བར་དཀའ་ངལ་ཡོད་པའི་ཁར། ལས་ཤོར་འགན་བཅོལ་གྱི་སྲིད་ཇུས་ཁྱབ་ཐབས་མེད་པའི་ཞིང་པ་ལས་མི་སོགས་འགན་བཅོལ་ལ་ཞུགས་མེད་པའི་ལས་ཀ་ཤོར་བའི་མི་དང་། དེ་བཞིན་མ་མཐའི་འཚོ་བ་འགན་ལེན་གྱི་ཁྱབ་ཁོངས་སུ་བཅུག་མེད་པ་དང་འཚོ་བར་དཀའ་ངལ་ཡོད་པའི་ལས་ཞུགས་ཐུབ་མེད་པའི་སློབ་ཆེན་སློབ་མ། ལས་གཏོད་ལམ་ལྷོངས་མ་བྱུང་བའི་སློབ་ཆེན་སློབ་མ་བཅས་ཀྱིས་རང་སོ་སོས་རེ་འདུན་ཞུས་པ་བརྒྱུད། གླ་པ་རྒྱུག་ཡུལ་ལམ་ཡང་ན་རྒྱུན་དུ་སྡོད་སའི་ས་གནས་ཀྱིས་ཐེངས་གཅིག་རང་བཞིན་གྱི་རོགས་དངུལ་སྤྲོད་རྒྱུ་དང་དངུལ་གྲངས་མཐོ་ཤོས་སྒོར་2000རེད།
3.ནད་གཞིས་རྐྱེན་པས་འཚོ་བར་དཀའ་ངལ་འཕྲད་པའི་མང་ཚོགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། ཡོང་འབབ་དམའ་བའི་མི་འབོར་གྱི་ལྟ་ཞིབ་ཚད་ལེན་བྱེད་ཁོངས་སུ་ཚུད་པའི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི། མ་མཐའི་འཚོ་བ་འགན་ལེན་གྱི་མཐར་ལུས་ཁྱིམ་ཚང་དང་དབུལ་སྒྲོལ་བརྟན་པོ་མ་བྱུང་བའི་དུད་ཚང་། དབུལ་པོར་འགྱུར་སླ་བའི་མཐར་ལུས་དུད་ཚང་། གློ་བུར་དུ་དཀའ་ངལ་ཆེན་པོ་འཕྲད་པའི་དུད་ཚང་བཅས་ཀྱིས་དམིགས་འཛུགས་སྨན་བཅོས་སྒྲིག་གཞིའི་སྒོ་བསྟེན་སྨན་བཅོས་ཁང་དུ་གཅོང་ནད་དང་། དམིགས་བསལ་གྱི་ནད་གཞི་བསྟེན་པ། སྨན་ཁང་དུ་བསྡད་དེ་སྨན་བཅོས་བཅས་བྱེད་སྐབས། ལོ་འཁོར་གྱི་སྨན་རིན་བསྡོམས་འབོར་ནས་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་འགན་བཅོལ་གྱི་ཆ་ཤས་འཐེན་རྗེས། དེ་བྱིངས་སྲིད་ཇུས་ཀྱི་ཁྱབ་ཁོངས་སུ་མི་སྒེར་གྱིས་སྤྲོད་དགོས་པའི་སྨན་རིན་སྒོར་ཁྲི་2ཡན་ཟིན་རིགས་ལ། གཏོང་སྒོ་རྣམ་པའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་མི་རེར་ཆ་སྙོམས་ཐེངས་གཅིག་རང་བཞིན་ལ་ས་གནས་འདི་གའི་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཟླ་རེའི་ཚད་གཞིའི་ལྡབ་3ལས་མི་དམའ་བ་སྤྲོད་རྒྱུ།
4.ཏོག་གསར་གློ་ཚད་ཕོག་མཁན་ལ་གནས་སྐབས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། ཏོག་གསར་གློ་ཚད་ཀྱི་གཏན་འཁེལ་ནད་པ(ནད་རྟགས་མེད་པའི་ནད་པ་ཚུད་མེད་པ)ཡིན་པའི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི། དབང་པོ་སྐྱོན་ཅན་ཚབས་ཆེན། དྭ་ཕྲུག ལོ་60(ཚུད་པ)ཡན་གྱི་རྒན་རྒོན་སོགས་ལ་འབྲེལ་ཡོད་རོགས་སྐྱོབ་བྱེད་པ་ཕུད། སྒོར་3000གི་ཚད་གཞི་གཞིར་བཟུང་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་སྤྲོད་རྒྱུ། གཞི་རྩའི་འཚོ་བར་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་སྟེ། དཀའ་ངལ་འཕྲད་པ་དང་། འབྲེལ་ཡོད་སྤྱི་ཚོགས་ཀྱི་རོགས་སྐྱོར། འགན་ལེན་ལམ་ལུགས་གནས་སྐབས་ཁྱབ་ཐབས་བྲལ་བའི་ཁྱིམ་ཚང་ངམ་ཡང་ན་མི་སྒེར་ལ་མི་སྒེར་གྱིས་རེ་འདུན་ཞུས་པ་བརྒྱུད། ཐེངས་གཅིག་རང་བཞིན་གྱི་གནས་སྐབས་རོགས་སྐྱོར་ཁ་གསབ་སྤྲོད་རྒྱུ་དང་། མི་རེའི་རོགས་སྐྱོར་དངུལ་གྲངས་མཐོ་ཤོས་སྒོར་1000རེད།
གཉིས། ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་སྒེར་གཉེར་བཟོ་ཚོང་དུད་ཚང་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས།
5. མ་སྐྱེད་འཇལ་སྤྲོད་ནར་འགྱངས་ཐད། ཚོང་ལས་དངུལ་ཁང་སོགས་དངུལ་རྩའི་སྒྲིག་གཞིས་མུ་མཐུད་ཁྲོམ་ར་ཅན་གྱི་རྩ་དོན་ལ་གཞིགས་ནས། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཚད་ཚབས་ཆེ་བའི་ཁེ་ལས་འབྲིང་ཆུང་ཕྲན་གསུམ(ཁེ་ལས་འབྲིང་ཆུང་གི་གཉེར་སྐྱོང་མཁན་ཚུད་པ)གྱིས་སྒེར་གཉེར་བཟོ་ཚོང་དུད་ཚང་དང་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་སོགས་དང་གྲོས་མོལ་བྱས་ཏེ། དེར་དངུལ་བུན་འཇལ་བའི་དུས་ཡུན་ནར་འགྱངས་བྱེད་པ་དང་རྩ་དོན་ཐད་ནར་འགྱངས་ཀྱི་དུས་ཡུན་2022ལོའི་ལོ་མཇུག་བརྒལ་མི་ཆོག དངུལ་རྩའི་སྒྲིག་གཞིས་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྩ་དོན་གཞིར་བཟུང་། མི་སྒེར་གྱི་སྡོད་ཁང་དང་འཛད་སྤྱོད་སོགས་ཀྱི་དངུལ་བུན་གཡར་མཁན་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཚབས་ཆེན་པོ་ཕོག་ཡོད་ཚེ། དངུལ་བུན་འཇལ་བའི་དུས་ཡུན་ནར་འགྱངས་ལུགས་མཐུན་བྱེད་པ་དང་། མ་སྐྱེད་འཇལ་སྤྲོད་ནར་འགྱངས་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། དངུལ་བུན་འཇལ་བའི་དུས་ཡུན་ལེགས་སྒྲིག་བྱེད་རྒྱུ། དངུལ་བུན་དུས་འགྱངས་བྱེད་མཁན་ལ་དོན་དངོས་རང་བཞིན་གྱི་ཉེན་ཁའི་བརྡར་ཤ་གཅོད་རྒྱུ་མཐའ་འཁྱོངས་དང་། རིམས་ནད་ཀྱི་རྐྱེན་པས་དངུལ་བུན་གྱི་ཉེན་ཁའི་རིགས་དབྱེ་དམའ་རུ་མི་གཏོང་བ། ཡིད་རྟོན་ཐོ་འགོད་ལ་ཤུགས་རྐྱེན་མི་ཐེབས་པ་མ་ཟད། དངུལ་ཆད་མི་གཏོང་བ་བཅས་བྱེད་རྒྱུ།
6.མ་རྩ་འཇོག་པའི་འགག་རྩའི་རང་བཞིན་གྱི་ནུས་པ་འདོན་པའི་ཐད། ས་གནས་སྲིད་གཞུང་གི་ཆེད་སྤྱོད་བུན་འཛིན་ཡག་པོ་སྤྱོད་པ་དང་། ཆེད་སྤྱོད་བུན་འཛིན་འགྲེམས་ཚད་མགྱོགས་སུ་གཏོང་བ། ཆེད་དོན་བུན་འཛིན་རྣམ་གྲངས་ཁག་གཅིག་མུ་མཐུད་སྒྲིག་འཛུགས་བྱས་ནས་རེ་འདུན་ཞུ་བ་བཅས་བྱེད་རྒྱུ། ཡར་བསྐྱར་དངུལ་བུན་གཡར་བ་སོགས་ཀྱི་སྲིད་ཇུས་བེད་སྤྱོད་ཡག་པོ་བྱས་ཏེ། ཞིང་འབྲེལ་དང་། ཁེ་ལས་ཆེ་འབྲིང་ཆུང་གསུམ་སོགས་དངོས་ཚན་དཔལ་འབྱོར་ལ་ནུས་ལྡན་གྱི་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་རྒྱུ།
7.ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་བའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བའི་ཐད། གཞུང་གི་ཁང་པ་བོགས་མར་བླངས་ནས་ཐོན་སྐྱེད་གཉེར་སྐྱོང་བྱེད་མཁན་གྱི་ཁེ་ལས་ཕྲན་ཚེགས་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་། གཉེར་སྐྱོང་དཀའ་བའི་དམངས་གཉེར་ཁེ་ལས་མིན་པའི་ཚན་པ་ཡིན་པ་གང་ཞིག 2022ལོའི་དུས་ཚིགས་བཞི་པར་གཉེར་སྐྱོང་རྒྱུན་མཐུད་བྱེད་རིགས་ལ། 2022ལོར་ཟླ་བ་དྲུག་གི་ཁང་གླ་ཆག་ཡང་གཏོང་བ་ཕུད། ད་དུང་ཟླ་བ་གསུམ་གྱི་ཁང་གླ་རྩ་ཆག་གཏོང་རྒྱུ། ཚོང་ལས་ཀྱི་ཕྱོགས་བསྡུས་སྒྲིག་གཞི་དང་། ཚོང་དོན་ཐོག་ཁང་། ཆེད་ལས་ཁྲོམ་ར། ཐོན་ལས་གླིང་། སྡེ་ཁུལ་གྱི་ཚོང་ཁང་སོགས་ནས་གཞུང་གི་མིན་པའི་ཁང་པ་བོགས་མར་ལེན་མཁན་ཁེ་ལས་ཕྲན་ཚེགས་དང་སྒེར་གཉེར་ཚོང་དུད་ལ་2022ལོའི་ལོ་མཇུག་གོང་ཟླ་བ་3གྱི་ཁང་གླའི་བསྡོམས་འབོར་གྱི་50%གཞིར་བཟུང་ཁ་གསབ་སྤྲོད་རྒྱུ་དང་། ལྷག་པའི་50%ཁྲལ་བསྡུའི་ལེགས་སྐྱེས་བྱ་དགའ་སོགས་ཀྱི་བྱེད་ཐབས་བརྒྱུད་སྤྲོད་རྒྱུ། སྒེར་གྱི་སྡོད་ཁང་མིན་པའི་ཁང་པ་བོགས་མར་ལེན་མཁན་ཁེ་ལས་ཕྲན་ཚེགས་དང་སྒེར་གཉེར་བཟོ་ཚོང་དུད་ཚང་ལ། 2022ལོའི་ཟླ་10པ་ནས་2023ལོའི་ཟླ་3པ་བར་རྒྱུན་གཏན་གྱི་ཐོན་སྐྱེད་གཉེར་སྐྱོང་རིང་། རིམ་མཚུངས་ནོར་སྲིད་ཀྱིས་ཟླ་རེར་ཁང་གླའི་ཁ་གསབ་10%སྤྲོད་རྒྱུ་དང་། གྲོང་ཁྱེར་དང་རྫོང(ཆུས)མི་དམངས་སྲིད་གཞུང་གིས་ལག་ལེན་བསྟར་རྒྱུ། ཁ་གསབ་མ་དངུལ་རིམ་མཚུངས་ནོར་སྲིད་ནས་སྤྲོད་འགན་འཁུར་རྒྱུ་དང་། ཁང་གླ་ཆག་ཡང་བཏང་བའི་རྒྱལ་ཁབ་ལ་དབང་བ་དང་རྒྱལ་ཁབ་ལ་མི་དབང་བའི་ཚོང་རའི་བྱེད་པོར་དེ་མཚུངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཆ་སྤྱོད་ཁྲལ་གྱི་ཆག་ཡང་གཏོང་རྒྱུ། དངུལ་ཁང་གིས་ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་མཁན་གྱི་དགོས་མཁོར་གཞིགས་ནས། དངུལ་བུན་གཏོང་བ་སོགས་ཀྱི་རྒྱབ་སྐྱོར་བྱེད་རྒྱུ། ཁང་གླ་ཆག་ཡང་དང་རྩ་ཆག་བཏང་བའི་རྐྱེན་གྱིས་རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་བྱ་གཞག་ཚན་པའི་ལས་རྗེས་ལ་ཤུགས་རྐྱེན་ཐེབས་རིགས་ལ་དཔྱད་ཞིབ་བྱེད་སྐབས་གནས་ཚུལ་དངོས་ལ་གཞིགས་ནས་ཁས་ལེན་རྒྱུ།
8.ཁེ་ལས་ཀྱི་ཁྲལ་སློག་ཁྲལ་འཕྲི་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། གཞི་ཁྱོན་ཆུང་བའི་ཁྲལ་འཇལ་བའི་དུས་མཚམས་རང་བཞིན་གྱི་གནས་ཐང་འཕར་ཁྲལ་རྩ་ཆག་གཏོང་བ་དང་། ཁེ་སྤོགས་ཆུང་བའི་ཁེ་ལས་ཆུང་གྲས་ཀྱི་ཁེ་ལས་ཀྱི་ཐོབ་ཁྲལ་ཉུང་དུ་གཏོང་བ། རིམས་ནད་འགོག་བཅོས་ཀྱི་ལས་དོན་ལ་ཞུགས་པའི་སྨན་དོན་པ་དང་རིམས་འགོག་ལས་དོན་པར་སྲིད་གཞུང་གི་གཏན་འབེབས་དང་ཚད་གཞི་ལྟར་གནས་སྐབས་རང་བཞིན་གྱི་ལས་ཀའི་ཁ་གསབ་དང་བྱ་དགའི་དངུལ་བླངས་རིགས་ལ་སྒེར་གྱི་ཐོབ་ཁྲལ་རྩ་ཆག་གཏོང་རྒྱུ། གནས་ཐང་འཕར་བའི་དཔྱ་ཁྲལ་གྱི་དུས་མཇུག་ཏུ་བཞག་པའི་ཁྲལ་སློག་སྲིད་ཇུས་དང་། དེ་བཞིན་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་མུ་མཐུད་ཁྲལ་དངུལ་ཆ་ཤས་འཇལ་རྒྱུ་ཕྱིར་འགྱངས་བྱེད་པ་སོགས་སྡེབ་སྒྲིག་བྱེད་སྟངས་ཀྱི་ཁྲལ་བསྡུའི་རྒྱབ་སྐྱོར་སྲིད་ཇུས་རབ་དང་རིམ་པ་ལག་ལེན་བསྟར་རྒྱུ། རིམས་ནད་ཀྱི་རྐྱེན་པས་དཀའ་ངལ་ངོ་མ་ཡོད་པའི་ཁྲལ་འཇལ་མཁན་དང་ཁང་པའི་ས་ཆ་སྲིད་གཞུང་གིས་འཕྲལ་མར་བསྡུས་པའི་ཁེ་ལས་ལ་གཏན་འབེབས་ལྟར་དེ་མཚུངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཆ་སྤྱོད་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་རྒྱུ། དངུལ་རྩའི་ལས་ཁུངས་ཀྱི་བུན་དབང་མི་ལེགས་པས་དངོས་པོའི་ཚབ་ཏུ་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ། ཆ་རྐྱེན་དང་མཐུན་པའི་བུན་ཚབ་གཏན་འཇགས་རྒྱུ་ནོར་ཐག་གཅོད་བྱེད་པའི་ལྷུ་ཚིགས་དང་འབྲེལ་བ་ཡོད་པའི་གནས་ཐང་འཕར་ཁྲལ་ལ་ཁྱད་གྲངས་བསྡུ་ལེན་སྲིད་ཇུས་འདེམས་ཆོག་པ་དང་། གན་རྒྱའི་དཔྱ་ཁྲལ་དང་འཛིན་ཁྲལ་སོགས་2022ལོའི་ལོ་མཇུག་བར་རྩ་ཆག་གཏོང་བའམ་ཡང་ན་ཉུང་དུ་གཏོང་རྒྱུ།
9. ཐབས་ལམ་མང་པོར་བརྟེན་ནས་ཁེ་ལས་ལ་གྲོན་དངུལ་ཉུང་འཕྲི་བྱས་ཏེ་ཁེ་བཟང་རག་པ་བྱེད་པའི་ཐད། ཁེ་ལས་ཕྲན་ཚེགས་དང་སྒེར་གཉེར་བཟོ་ཚོང་དུད་ཚང་ལ་ཆུ་གློག་གི“རིན་པ་ཆད་ཀྱང་གཏོང་མཚམས་མི་འཇོག་པའི”སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཟླ་བ་དྲུག་གི་འགྲོ་གྲོན་འཇལ་བའི་དུས་ཚོད་ནར་འགྱངས་བྱེད་རྒྱུ་དང་འབྲེལ། དོན་དངོས་ལ་གཞིགས་ནས་མུ་མཐུད་ནར་འགྱངས་བྱས་ཏེ། གྲོན་འཇལ་ནར་འགྱངས་བྱེད་རིང་དུས་འགྱངས་ཆད་དངུལ་སྤྲོད་དགོས་ཀྱི་མེད། ཡུལ་མི་མིན་པའི་སྤྱོད་མཁན་གྱིས་སྤྲོད་དགོས་པའི་ཆུ་རིན(བཙོག་ཆུ་གཙང་གསིང་གི་གྲོན་དངུལ་ཚུད་པ)དང་གློག་རིན་10%ཡི་ཟླ་6གི་ནོར་སྲིད་ཁ་གསབ(2022ལོའི་ཟླ་10པ་ནས་2023ལོའི་ཟླ་3པ་བར)སྤྲོད་རྒྱུ། ཟླ་བ་གསུམ་རིང་ཚན་པའི་གད་སྙིགས་གཙང་སེལ་གྱི་གྲོན་དངུལ་མི་བསྡུ་རྒྱུ་དང་ཁོར་ཡུག་འཕྲོད་བསྟེན་ཚན་པའི་འབྲེལ་ཡོད་འགྲོ་གྲོན་རིམ་མཚུངས་ནོར་སྲིད་ནས་སྤྲོད་རྒྱུ། གྲོང་མི་མིན་པའི་སྤྱོད་མཁན་ལ་2022ལོའི་བཅད་གྲངས་ལས་བརྒལ་བའི་ཆུ་རིན་རྩ་ཆག་གཏོང་རྒྱུ། ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་དྲ་ཆེན་དང་ཁ་པར་གྱི་ཆ་སྙོམས་འགྲོ་གྲོན་སླར་ཡང་10%གཅོག་རྒྱུ། ཡུལ་སྐོར་རླངས་འཁོར་བོགས་གཏོང་དང་སྐྱེལ་འདྲེན་འཁོར་རིགས་ཀྱི་དོ་དམ་གྲོན་དངུལ་དང་སྤྱི་པའི་རླངས་འཁོར་འཇོག་སའི་འཇོག་གླ་མུ་མཐུད་རྩ་ཆག་གཏོང་རྒྱུ། གྲོང་གསེབ་ལམ་ཐིག་གི་འགྲུལ་སྐྱེལ་ཁེ་ལས་ལ་ད་ལྟ་ལག་ལེན་བསྟར་བའི་སྲིད་ཇུས་གཞིར་བཟུང་ཁ་གསབ་རོགས་དངུལ་སྤྲོད་རྒྱུ། རྒྱུན་རྣམ་ཅན་གྱི་ཉིང་སྐྱུར་བརྟག་དཔྱད་ཀྱི་རིན་པ་རིམ་མཚུངས་སྲིད་གཞུང་གིས་སྤྲོད་རྒྱུ།
10.ཨར་པོའི་ཁེ་ལས་ཀྱི་ཁུར་པོ་དེ་བས་ཡང་དུ་གཏོང་བའི་ཐད། གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ཞུགས་མཁན་གྱི་ལས་མི་ལོགས་བཀར་སྡོད་རིང་གི་བཟའ་བཅའི་འགྲོ་གྲོན་ཚང་མ་མུ་མཐུད་གྲོང་ཁྱེར་ནོར་སྲིད་ཀྱིས་སྤྲོད་རྒྱུ། གྲོང་ཁྱེར་ནོར་སྲིད་ཀྱིས་སྒོར་ཁྲི་200ལྷན་སྦྱར་བྱས་ནས་གཙོ་གནད་ཐོན་སྐྱེད་དང་འཚོ་བའི་དངོས་ཟོག་དབོར་འདྲེན་གྱི་འགྲོ་གྲོན་ལ་སྤྱོད་རྒྱུ་དང་། སྤ་སེ་དང་སྐྱེ་འདྲེན་གན་རྒྱ་སོགས་ཀྱི་དཔང་ཡིག་ལ་བརྟེན་ནས“སྤྱི་ལེའི་གྲངས་+རླངས་འཁོར་ཏུན་གྱི་རིམ་པར”གཞིགས་ཏེ་ཁ་གསབ་སྤྲོད་རྒྱུ།
11.ཞིང་འབྲེལ་མཁོ་སྤྲོད་འགན་ལེན་གྱི་གཉེར་སྐྱོང་བྱེད་པོར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། ཁྲོམ་རའི་མཁོ་སྤྲོད་བརྟན་པོ་ཡོང་བ་བྱས་ནས། ཞིང་ལས་ཐོན་རྫས་གཙོ་བོ་མཁོ་སྤྲོད་བྱེད་མཁན་གྱི་གཉེར་སྐྱོང་བྱེད་པོར་ཇུས་གཞི་འདི་བཀྲམ་པའི་ཉིན་ནས་2023ལོའི་ཟླ་1ཚེས་31ཉིན་བར་ཕག་པ(བོད་ཕག)རེ་བཙོངས་པར་སྒོར་100དང་། ཧྥུ་ཉུང་བའི་ཇ་རྒྱ་མ་གང་བཙོངས་པར་སྒོར་5 ཁེར་རྐྱང་གཉེར་སྐྱོང་བྱེད་པོས་མུའུ་10ཡན་གྱི་སྔོ་ཚལ་དྲོད་ཁང་ཆེ་མོར་སྔོ་ཚལ་འདེབས་པར་མུའུ་རེར་སྒོར་600བཅས་ཀྱི་ཁ་གསབ་སྤྲོད་རྒྱུ་རེད། (གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་འགན་ཞིབ་ཕྲ་འཁུར་རྒྱུ)
12.ཞིང་འབྲོག་ཐོན་རྫས་ཀྱི་འཛད་སྤྱོད་རོགས་སྐྱོར་བྱེད་པའི་ཐད། བོད་སྐྱོར་ལྷན་སྦྱར་མ་དངུལ་སྒོར་ཁྲི་700 《བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་འཛད་སྤྱོད་རོགས་སྐྱོར་ཐོན་རྫས་ཀྱི་དཀར་ཆག》ནང་གི་ཐོན་རྫས་དང“7+2”འཛད་སྤྱོད་བོད་སྐྱོར་ལས་སྟེགས་ཀྱི་ཐོན་རྫས་ཡིན་དགོས་པ་དང་། ཐོན་རྫས་ཀྱི་ཐུམ་སྒྲིལ་ངོས་སུ“འཛད་སྤྱོད་རོགས་སྐྱོར”དང་དེ་བཞིན“ཉིང་ཁྲིའི་འབྱུང་ཁུངས”ཀྱི་སྤྱི་པའི་སྤུས་རྟགས་སྤྱད་ཚེ། ཐུམ་སྒྲིལ་གྱི་སྤྱིའི་འགྲོ་གྲོན་གྱི་12%གཞིར་བཟུང་། ཁེ་ལས་གཅིག་ལ་མཐོ་ཤོས་སྒོར་ཁྲི་10ཡི་ཁ་གསབ་སྤྲོད་རྒྱུ། འཛད་སྤྱོད་རོགས་སྐྱོར་ཐོན་རྫས་ཀྱི་ཟོག་འགྲེམས་འགྲོ་གྲོན་དེ་ཁེ་ལས་ཀྱི་མྱུར་སྐྱེལ་ཟོག་འགྲེམས་འགྲོ་གྲོན་གྱི་40%གཞིར་བཟུང་། ཁེ་ལས་གཅིག་ལ་མཐོ་ཤོས་སྒོར་ཁྲི་30ཡི་ཚད་གཞིའི་ཁ་གསབ་སྤྲོད་རྒྱུ།
13.སྲིད་འཛིན་དང་བྱ་གཞག་རང་བཞིན་གྱི་གྲོན་དངུལ་དང་ཁས་ལེན་དངུལ་ཁག་གཅིག་འགྱངས་འཇལ་བྱེད་པའི་ཐད། ཁེ་ལས་དང་སྒེར་གཉེར་བཟོ་ཚོང་དུད་ཚང་དང་འབྲེལ་བ་ཡོད་པའི་སྲིད་འཛིན་དང་བྱ་གཞག་རང་བཞིན་གྱི་གྲོན་དངུལ་དང་འགན་ལེན་དངུལ་འགྱངས་འཇལ་གྱི་གསལ་ཐོ་བཟོས་ཏེ། གསལ་ཐོའི་ནང་གི་དངུལ་བསྡུའི་རྣམ་གྲངས་ཚང་མ་2023ལོའི་ཟླ་3པར་བར་འགྱངས་འཇལ་བྱེད་རྒྱུ། དེའི་ནང་གཙོ་བོ་ས་ཞིང་བསྐྱར་སྦོལ་གྱི་གྲོན་དངུལ་དང་། བཙོག་ཆུ་གཙང་གསིང་གི་གྲོན་དངུལ། འཚོ་བའི་གད་སྙིགས་གཙང་སེལ་གྱི་གྲོན་དངུལ། གྲོང་ཁྱེར་གྱི་གཞུང་ལམ་བཟུང་སྤྱོད་དང་སྔོག་འདོན་ཉམས་གསོའི་གྲོན་དངུལ། སྐུད་མེད་གློག་འཕྲིན་བཟུང་སྤྱོད་ཀྱི་གྲོན་དངུལ། གློག་འཕྲིན་དྲ་རྒྱའི་ཨང་རྟགས་ཐོན་ཁུངས་བཟུང་སྤྱོད་ཀྱི་གྲོན་དངུལ། དམིགས་བསལ་སྒྲིག་ཆས་བརྟག་བཤེར་དང་ཚད་ལེན་གྱི་གྲོན་དངུལ། སྨན་རྫས་ཐོ་འགོད་ཀྱི་གྲོན་དངུལ། སྨན་བཅོས་ཡོ་བྱད་ཐོན་རྫས་ཐོ་འགོད་ཀྱི་གྲོན་དངུལ་སོགས་སྲིད་འཛིན་དང་བྱ་གཞག་རང་བཞིན་གྱི་གྲོན་དངུལ་བསྡུ་བའི་རྣམ་གྲངས་དང་དེ་བཞིན་གླ་ཕོགས་འགན་ལེན་གྱི་གྲོན་དངུལ་དང་ལས་གྲྭའི་སྤུས་ཚད་འགན་ལེན་གྱི་དངུལ་སོགས་ཚུད་ཡོད།
14.སྤྱི་ཚོགས་འགན་བཅོལ་གྲོན་དངུལ་འགྱངས་འཇལ་བྱེད་པའི་སྲིད་ཇུས་ལག་ལེན་བསྟར་རྒྱ་ཆེ་རུ་གཏོང་བའི་ཐད། རིམས་ནད་ཀྱི་རྐྱེན་པས་ཐོན་སྐྱེད་གནས་སྐབས་གཉེར་སྐྱོང་བྱེད་པར་དཀའ་ངལ་འཕྲད་པའི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་ཚན་པའི་མིང་ཐོག་ནས་འགན་བཅོལ་ལ་ཞུགས་པའི་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་དུས་མཚམས་རང་བཞིན་གྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་འགྱངས་འཇལ་སྲིད་ཇུས་ཀྱི་དུས་ཡུན་ཐིམ་རྗེས། 2023ལོའི་ལོ་མཇུག་གོང་དུས་ཁག་བགོས་ནས་སྤྲོད་པའམ། ཡང་ན་ཟླ་རེར་སྤྲོད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། སྤྱི་ཚོགས་འགན་བཅོལ་གྲོན་དངུལ་གསབ་པ་དང་འགྱངས་ཆད་བྱེད་རིང་དུས་འགྱངས་ཕྱིར་དངུལ་སྤྲོད་དགོས་ཀྱི་མེད།
15. ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱིས་མ་དངུལ་འགྱངས་ཆད་མ་བྱས་སྔོན་འགོག་དང་སེལ་བར་ཤུགས་སྣོན་རྒྱག་པའི་ཐད། ཁེ་ལས་འབྲིང་ཆུང་གིས་མ་དངུལ་འགྱངས་ཆད་མ་བྱས་སྔོན་འགོག་དང་སེལ་བའི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་རྒྱུ། 《ཁེ་ལས་འབྲིང་ཆུང་གི་མ་དངུལ་གཏོང་སྤྲོད་འགན་སྲུང་སྲོལ་ཡིག》དོན་འཁྱོལ་ནན་པོ་བྱས་ཏེ། ཁྲིམས་གཏན་འཁེལ་བའི་འཐུས་མིའམ་ཡང་ན་འགན་འཁུར་བ་གཙོ་བོས་འགྱུར་ལྡོག་གཏོང་བ་དང་། ནང་ཁུལ་གྱི་དངུལ་གཏོང་སྤྲོད་བརྒྱུད་རིམ་ལག་ལེན་བསྟར་བ། ལས་མཇུག་ཞིབ་བཤེར་རྩིས་ལེན་གྱི་མཆན་བཀོད་བཀའ་ལན་དང་ངེས་རྩིས་ཀྱི་རྩིས་བཤེར་སྒུག་པ་སོགས་ཀྱི་རྒྱུ་མཚན་ལ་བརྟེན་ནས། ཁེ་ལས་འབྲིང་ཆུང་གིས་མ་དངུལ་མི་སྤྲོད་པའམ་ཡང་ན་གཏོང་སྤྲོད་ནར་འགྱངས་གཏན་འགོག་བྱེད་དགོས། ལས་ཁུངས་དང་བྱ་གཞག་ཚན་པ་དང་ཁེ་ལས་ཆེ་གྲས་ཀྱིས་ཁེ་ལས་འབྲིང་ཆུང་ལ་མ་དངུལ་འགྱངས་ཆད་བྱས་རིགས་དུས་བཀག་ལྟར་ཁྱབ་བསྒྲགས་དང་། རང་འགུལ་ངང་ཁྲིམས་འཛིན། ཁ་ཏ་སློབ་སྟོན་བཅས་བྱེད་པའི་ལམ་ལུགས་འཛུགས་རྒྱུ། སྲིད་གཞུང་དང་གཞུང་ཁོངས་ཁེ་ལས་ཀྱིས་2022ལོའི་ལོ་མཇུག་གོང་འགྱངས་ཆད་བྱས་པའི་དམངས་གཉེར་ཁེ་ལས་ཀྱི་མ་དངུལ་ཚང་མ་སློག་རྒྱུ།
གསུམ། ལས་གནས་བརྟན་གཏོང་དང་ལས་ཞུགས་རོགས་སྐྱོར་སྲིད་ཇུས།
16.ཁེ་ལས་ཀྱི་ལས་གནས་བརྟན་གཏོང་གི་མ་དངུལ་སློག་པའི་ཐད། འགན་བཅོལ་ལ་ཞུགས་མཁན་ཁེ་ལས་ཚང་མར་ལོ་འཁོར་གོང་མའི་ཁེ་ལས་དང་དེ་བཞིན་ལས་བཟོས་དངོས་སུ་འཇལ་བའི་ལས་ཤོར་འགན་བཅོལ་གྲོན་དངུལ་བསྡོམས་འབོར་གྱི་90%ལྟར་ལས་གནས་བརྟན་གཏོང་གི་མ་དངུལ་སྤྲོད་རྒྱུ་དང་། སྲིད་ཇུས་ལག་ལེན་བསྟར་བའི་དུས་ཚོད་2022ལོའི་ཟླ་12ཚེས་31ཉིན་བར་རེད།
17.འགན་བཅོལ་ལ་ཞུགས་པའི་ལས་བཟོར་ཐེངས་གཅིག་རང་བཞིན་ལ་ལས་ཉར་གསོ་སྦྱོང་གི་ཁ་གསབ་རོགས་དངུལ་སྤྲོད་པའི་ཐད། ལས་ཤོར་འགན་བཅོལ་ལ་ཞུགས་མཁན་གྱི་ལས་བཟོ་ཚང་མར་མི་རེར་སྒོར་500ཡི་ཚད་གཞི་ལྟར་ཐེངས་གཅིག་རང་བཞིན་ལ་ལས་ཉར་གསོ་སྦྱོང་གི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ།
18.ཁེ་ལས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མ་བསྡུས་པར་ཐེངས་གཅིག་རང་བཞིན་ལ་ལས་གནས་རྒྱ་ཆེར་གཏོང་བའི་ཁ་གསབ་རོགས་དངུལ་སྤྲོད་པའི་ཐད། ཁེ་ལས་ཀྱིས་2022ལོའི་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་བསྡུས་ནས་ངལ་རྩོལ་གན་རྒྱ་བཞག་པ་མ་ཟད། ལས་ཤོར་འགན་བཅོལ་ལ་ཞུགས་མཁན་མི་རེར་སྒོར་1500ཡི་ཚད་གཞི་ལྟར། ཐེངས་གཅིག་རང་བཞིན་ལ་ལས་གནས་རྒྱ་ཆེར་གཏོང་བའི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་དང་། ལག་ལེན་བསྟར་བའི་དུས་ཚོད་2022ལོའི་ཟླ་12ཚེས་31ཉིན་བར་རེད།
19.མཐོ་སློབ་སློབ་ཐོན་སློབ་མར་ཐེངས་གཅིག་རང་བཞིན་ལ་ལས་འཚོལ་ལས་གཏོད་ཀྱི་ཁ་གསབ་རོགས་དངུལ་སྤྲོད་པའི་ཐད། 2022ལོའི་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མར་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པ་དང་། སློབ་གྲྭ་ཐོན་ནས་ཟླ་གསུམ་སོང་རུང་སྔར་བཞིན་ལས་ཞུགས་ཐུབ་མེད་མཁན་ལ་ཐེངས་གཅིག་རང་བཞིན་ལ་ཟླ་3རིང་གི་ལས་འཚོལ་ལས་གཏོད་ཀྱི་ཁ་གསབ་སྤྲོད་རྒྱུ་དང་། ཁ་གསབ་ཀྱི་ཚད་གཞི་རང་ལྗོངས་སུ་ད་ལྟ་ལག་ལེན་བསྟར་བའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལྟར་བརྩི་རྒྱུ་དང་། སྲིད་ཇུས་ལག་ལེན་བསྟར་བའི་དུས་ཚོད་2022ལོའི་ཟླ་12ཚེས་31ཉིན་བར་རེད།
20.མཐོ་སློབ་སློབ་ཐོན་སློབ་མའི་རང་བརྟེན་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པའི་ཐད། བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མར་ཐེངས་གཅིག་རང་བཞིན་གྱི་ལས་གཏོད་མ་དངུལ་དང་། ས་ཆའི་བོགས་དངུལ། དེ་བཞིན་ཆུ་རིན་དང་གློག་རིན་གྱི་ཁ་གསབ། སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ། གཞི་རྩའི་འཚོ་བའི་ཁ་གསབ། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཁ་གསབ་སོགས་སྤྲོད་རྒྱུ།
21.ཞིང་འབྲོག་མང་ཚོགས་ལས་ཞུགས་གཞན་སྒྱུར་ལ་རྒྱབ་སྐྱོར་བྱེད་པའི་ཐད། ལྗོངས་ཕྱི་ནང་གི་ཁེ་ལས་ཀྱིས་རང་ལྗོངས་ཀྱི་ཞིང་འབྲོག་པར་ལས་ཀ་སྤྲད་པ་མ་ཟད། ལོ་འཁོར་གཅིག་རིང་གི་ལས་ཞུགས་དུས་ཚོད་ཟླ་6དང་དེ་ཡན་ཟིན་རིགས་ལ་མི་རེར་སྒོར་300ཡི་ཚད་གཞི་ལྟར་ཁེ་ལས་ཀྱི་ལས་ཞུགས་བསྡུ་ལེན་གྱི་བྱ་དགའ་སྤྲོད་རྒྱུ། ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་རྟེན་གཞིའི་སྒོ་བྱང་བཀལ་བའི་སྤྱི་དབང་མིན་པའི་ཁེ་ལས་ཀྱིས་ཐེམ་ཁོངས་ཉིང་ཁྲི་གྲོང་ཁྱེར་ནས་ཡིན་པའི་ཞིང་འབྲོག་པ་50དང་100ཡན་གསར་དུ་བསྡུས་པ་མ་ཟད། རིམ་རྩིས་བྱས་ན། ལས་ཞུགས་ཐུབ་ནས་ཟླ་6གམ་དེ་ཡན་ཟིན་པར་སྒོར་ཁྲི་30དང་50ཡི་བྱ་དགའ་སྤྲོད་རྒྱུ། རྫོང(ཆུས)སྒྲོལ་བ་དང་། ས་ཁུལ(གྲོང་ཁྱེར)སྒྲོལ་བ། ཞིང་ཆེན་སྒྲོལ་བ་བཅས་ཀྱི་སྒྲིག་འཛུགས་ཡོད་པའི་ངལ་ནུས་ཕྱིར་གཏོང་བྱས་པ་མ་ཟད། ལོ་འཁོར་གྱི་ལས་ཞུགས་དུས་ཚོད་རིམ་རྩིས་བྱས་ན་ཟླ་6གམ་དེ་ཡན་ཟིན་པའི་རང་གྲོང་ཁྱེར་གྱི་ཞིང་འབྲོག་པར་སྒོར་500དང་། སྒོར་1000 སྒོར་2000བཅས་ཀྱི་ལམ་དངུལ་ཁ་གསབ་སྤྲོད་རྒྱུ།
22.ལས་ཀ་ཤོར་མཁན་ལ་འཚོ་བའི་ཁ་གསབ་སྤྲོད་པའི་ཐད། གྲོང་ཁྱེར་ནོར་སྲིད་ཀྱིས་སྒོར་ཁྲི་10བཀོད་སྒྲིག་བྱས་ནས། ཇུས་གཞི་པར་འགྲེམས་བྱེད་པའི་ཉིན་མོ་ནས་2023ལོའི་ཟླ་3ཚེས་15ཉིན་བར་ཉིང་ཁྲི་གྲོང་ཁྱེར་དུ་རེ་འདུན་ཞུས་པ་དང་འབྲེལ། ལས་ཤོར་འགན་བཅོལ་དངུལ་ལེན་མཁན་ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་སྒོར་1000སྤྲད་ནས་ལས་ཀ་ཤོར་མཁན་གྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་རྒྱུ།
23.ཕྱི་ནས་སླེབས་པའི་གླ་པར་གནས་སྐབས་རང་བཞིན་གྱི་རོགས་སྐྱོབ་ལག་ལེན་བསྟར་བའི་ཐད། 2022ལོའི་ཟླ་8པ་ནས་2023ལོའི་ཟླ་3ཚེས་15ཉིན་བར་མི་སྤྱོད་ཚན་པའམ་ཡང་ན་སྦྱིན་བདག་དང་ངལ་རྩོལ་ཐོབ་ཆའི་རྩོད་གཞི་ཡོད་པའི་གླ་པར་རིན་པ་མི་དགོས་པར་བཅའ་ཁྲིམས་རོགས་སྐྱོར་བྱས་ཏེ། རྐང་བཙུགས་ནས་འགྱངས་ཆད་བྱས་པའི་གླ་ཆ་འདེད་ལེན་བྱེད་རོགས་བྱེད་རྒྱུ།
བཞི། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་རོགས་སྐྱོར་སྲིད་ཇུས།
24.ཡུལ་སྐོར་ལས་རིགས་ཀྱིས་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་ཐད། ས་གནས་དེ་གའི་ཡུལ་སྐོར་འཛད་སྤྱོད་འཛིན་ཤོག་སྤྲོད་པ་སླར་གསོ་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་Aརིམ་པ་ཡན་གྱི་མཛེས་ལྗོངས་ཁུལ་ཚང་མར་བོད་ཀྱི་རྒྱུན་སྡོད་གྲོང་མི་ཡིན་ཚེ། ཡུལ་སྐོར་སྤ་སེ་ཉོ་མི་དགོས་པ་དང་། དེ་2023ལོའི་ཟླ་3ཚེས་15ཉིན་བར་ལག་ལེན་བསྟར་ནས་ལྗོངས་ཡོངས་སུ་ཡུལ་སྐོར་གཟིགས་སྐྱོང་ལོའི་གཱ་ཁྱབ་གདལ་གཏོང་རྒྱུ་དང་། ཡུལ་སྐོར་ཞབས་འདེགས་ཀྱི་སྤུས་ཚད་འགན་ལེན་དངུལ་གནས་སྐབས་ཕྱིར་སློག་དང་ཁྲལ་དངུལ་འགྱངས་འཇལ་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་ཏེ། གནས་སྐབས་ཕྱིར་སློག་གི་ཚད་གཞི་དེ་འཇལ་དགོས་ངེས་ཀྱི་དངུལ་གྲངས་ཀྱི་100%ལ་གཞིགས་ནས། ལག་བསྟར་བྱེད་པ་དང་ཁ་གསབ་ཀྱི་དུས་ཚད་དེ་2023ལོའི་ཟླ་3ཚེས་31ཉིན་བར་ནར་འགྱངས་བྱེད་རྒྱུ།
25.འཛད་སྤྱོད་མགྱོགས་མྱུར་སླར་གསོར་སྐུལ་འདེད་ཤུགས་ཆེན་གཏོང་བའི་ཐད། “ཁེ་ལས་ལ་རོགས་སྐྱོར་དང་དམངས་ལ་ཕན་པ་སྐྲུན། སྤྲོ་བ་ཆེན་པོས་ཉིང་ཁྲིར་འཛད་སྤྱོད་བྱེད”འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་མུ་མཐུད་ལག་ལེན་བསྟར་ནས། རང་སྐྱོང་ལྗོངས་ཀྱིས་ཆེད་དོན་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་མ་དངུལ་གཤམ་སྤྲོད་བྱས་པ་ཕུད། རང་རེའི་གྲོང་ཁྱེར་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་དྲ་ཐོག་ལས་སྟེགས་བརྒྱུད། འཛད་སྤྱོད་འཛིན་ཤོག་སྒོར་ཁྲི་200ལས་མི་ཉུང་བ་སྤྲད་དེ། སིལ་ཚོང་དང་བཟའ་བཏུང་སོགས་ལས་རིགས་སླར་གསོ་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་སྒྲུབ་ཀྱི་དཔྱ་ཁྲལ་རྩ་ཆག་གཏོང་རྒྱུ་དང་རིན་གོང་སྒོར་ཁྲི་30ནང་ཚུན་གྱི་འབུད་ཚད་2.0མན་གྱི་འབར་སྣུམ་རླངས་འཁོར་གྱི་ཉོ་སྒྲུབ་དཔྱ་ཁྲལ་ཕྱེད་ཀ་རྩ་ཆག་གཏོང་བའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་རྒྱུ། ཁྱིམ་སྤྱོད་གློག་ཆས་དང་ཁྱིམ་ཆས་གཤམ་སྤྲོད་ཀྱི་ཁ་གསབ་དེ་ཁྱིམ་སྤྱོད་གློག་ཆས་དང་ཁྱིམ་ཆས་ཕྱིར་ཚོང་རིན་གོང་གི་15%ལ་གཞིགས་ནས། ཞིང་འབྲོག་མང་ཚོགས་སོགས་ཚོགས་སྤྱིར་ཁ་གསབ་སྤྲོད་རྒྱུ། རིམ་པ་ཁག་གི་བཟོ་ཚོགས་རྩ་འཛུགས་ལ་སྐུལ་མ་བཏང་ནས། ས་གནས་དེ་གའི་ཞིང་ཞོར་ཐོན་རྫས་ཉོ་བའི་འཛད་སྤྱོད་འཛིན་ཤོག་སྤྲོད་རྒྱུ།
26.སྡོད་ཁང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཐད། ཡུན་རིང་བོགས་གཏོང་ཁང་པའི་ཁྲོམ་ར་འཕེལ་རྒྱས་མགྱོགས་པོ་བཏང་སྟེ། ས་ཆ་མཁོ་འདོན་བྱ་རྒྱུ་དེ་ཡུལ་བབ་དང་བསྟུན་ནས་བོགས་གཏོང་ཁང་པ་དང་། ལྷག་པར་དུ་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་ཡུན་རིང་བོགས་གཏོང་ཁང་པ་འཛུགས་སྐྲུན་ལ་ཕྱོགས་དགོས། ཐེམ་ཐོ་དང་། སློབ་གསོ། སྤྱི་ཚོགས་འགན་སྲུང་སོགས་ཀྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། “བོགས་ཉོ་གཉིས་ཀའི་བ་དབང་ཆ་གཅིག་པར”སྐུལ་འདེད་གཏོང་རྒྱུ། དངུལ་ཁང་གི་ཆེད་སྤྱོད་དངུལ་བུན་བཙོངས་ཟིན་པ་དང་། དུས་ཚོད་ཡོལ་བ། རྩིས་སྤྲོད་བྱེད་དཀའ་བ་བཅས་ཀྱི་སྡོད་ཁང་རྣམ་གྲངས་འཛུགས་སྐྲུན་མགྱོགས་སུ་གཏོང་བར་སྤྱོད་རྒྱུ། སྲིད་གཞུང་གིས་ཉོ་སྒྲུབ་བྱེད་པ་དང་ཡུན་རིང་བོགས་མར་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད། བེད་མེད་དུ་བཞག་པའི་ཚོང་སྒྱུར་སྡོད་ཁང་དག་གཞུང་གི་བོགས་ཁང་དང་། ལས་ཤག འགན་སྲུང་སྡོད་ཁང་བཅས་ལ་བསྒྱུར་རྒྱུ། འགན་སྲུང་རང་བཞིན་གྱི་བོགས་ཁང་མཛེས་བཟོ་དང་ལེ་ལག་ཚང་སྒྲིག་བྱུང་ནས་སྡོད་གནས་ཀྱི་ཆ་རྐྱེན་འཛོམས་རྗེས་བོགས་མར་གཏོང་རྒྱུ།
ལྔ། དངུལ་རྩའི་རོགས་སྐྱོར་སྲིད་ཇུས།
27.དངུལ་རྩའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་པའི་ཐད། ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་གི་དངུལ་རྩའི་སྲིད་ཇུས་བེད་སྤྱོད་ཡག་པོ་བྱས་ནས་སློབ་གསོ་དང་། འཕྲོད་བསྟེན་བདེ་ཐང་། རིག་གནས་ཡུལ་སྐོར་དང་ལུས་རྩལ། དངོས་སྦྱོང་རྟེན་གཞི། གློག་སྡོང་། གྲོང་ཁྱེར་གྱི་ས་འོག་ཕྱོགས་བསྡུས་མདོང་ལམ། རྨང་གཞིའི་སྒྲིག་བཀོད་གསར་པ། ཐོན་ལས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར། གཙོ་གནད་ཁྱབ་ཁོངས་ཀྱི་ནུས་རྒྱུན་གྲོན་ཆུང་དང་ཐཱན་འབུད་ཉུང་གཏོང་གི་སྒྱུར་བཀོད་རིམ་སྤོར། ཁྱིམ་སྤྱོད་གློག་ཆས་རྙིང་རོ་ཚུར་བསྡུ་ཐག་གཅོད་མ་ལག་སོགས་ཁྱབ་ཁོངས་10ཡི་སྒྲིག་ཆས་ཉོ་སྒྲུབ་དང་གསར་བརྗེ་སྒྱུར་བཀོད་བྱ་རྒྱུ་དང་། ཀྲུང་དབྱང་ནོར་སྲིད་ཀྱིས་བརྒྱ་ཆའི་གྲངས་2.5ཡི་སྐྱེད་གསབ(དུས་ཡུན་རིང་འབྲིང་གི་དངུལ་བུན་གྱི་སྐྱེད་ཚད་3.2%ཀྱི་རྨང་གཞིའི་ཐོག་རྣམ་གྲངས་ཀྱི་དངོས་སུ་དངུལ་བུན་གཏོང་བའི་སྐྱེད་ཚད་0.7%ཟིན་པ)དོན་འཁྱོལ་བྱེད་རྒྱུ་དེ་དུས་བཀག་ལོ་གཉིས་ཡིན་པ་དང་། དངུལ་བུན་རེ་འདུན་ཞུས་ནས་སྐྱེད་ཀ་སྤྲོད་པའི་སྲིད་ཇུས་དེ་2022ལོའི་ཟླ་12ཚེས་31ཉིན་བར་རེད།
28.དངུལ་རྩའི་མ་དངུལ་མཉམ་འདྲེས་ཀྱི་མ་གནས་ཆུང་དུ་ནུས་ལྡན་གཏོང་བའི་ཐད། སྲིད་གཞུང་རང་བཞིན་གྱི་མ་དངུལ་མཉམ་འདྲེས་ཀྱི་ཁག་ཐེག་བྱས་ཏེ། ཁེ་ལས་ཆུང་ཕྲན་ལ་རོགས་སྐྱོར་དང་ཞིང་ལས་ལ་རོགས་སྐྱོར་བྱེད་པའི་ལས་སྒོའི་བསྡུར་ཚད་སྔར་བས་མཐོ་རུ་བཏང་ནས་ཁེ་ལས་ཆུང་ཕྲན་ལ་རོགས་སྐྱོར་དང་ཞིང་ལས་ལ་རོགས་སྐྱོར་བྱེད་པའི་མ་དངུལ་བསྡུ་སྒྲིལ་གྱི་ཁག་ཐེག་མ་གནས་དམའ་རུ་བཏང་སྟེ། རྩིས་ཁྲ་རྐྱང་འཛུགས་ཀྱི་ཁག་ཐེག་དངུལ་གྲངས་སྒོར་ཁྲི་500དང་དེ་མན་གྱི་ཁེ་ལས་ཕྲན་ཚེགས་དང“ཞིང་གསུམ”གྱི་བྱེད་པོ་ནས་བསྡུས་པའི་ཁག་ཐེག་གི་གྲོན་ཚད་རྩ་དོན་ཐོག་1%ལས་བརྒལ་མི་རུང་བ་དང་། རྩིས་ཁྲ་རྐྱང་འཛུགས་ཀྱི་ཁག་ཐེག་དངུལ་གྲངས་སྒོར་ཁྲི་500ཡན་དང་སྒོར་ཁྲི་1000(ཚུད)མན་གྱི་ཕྲན་ཚེགས་ཁེ་ལས་དང“ཞིང་གསུམ”གྱི་བྱེད་པོ་ནས་བསྡུས་པའི་ཁག་ཐེག་གི་གྲོན་ཚད་རྩ་དོན་ཐོག་1.5%ལས་བརྒལ་མི་རུང་།
29.རྒྱལ་ཁབ་ཀྱི་དངུལ་རྩའི་རོགས་སྐྱོར་སྲིད་ཇུས་བེད་སྤྱོད་ཡག་པོ་བྱེད་པའི་ཐད། མ་དངུལ་བཏང་བའི་རྣམ་གྲངས་གལ་ཆེན་གྱི་འཆར་འགོད་དང་། ས་ཆ་བེད་སྤྱོད། ཁོར་ཡུག་གི་ཚོད་སྐོར་སོགས་དུས་འགོའི་ལས་དོན་དང་། དེ་བཞིན་མ་དངུལ་སོགས་ཀྱི་འགན་སྲུང་ལ་ཤུགས་སྣོན། གྲོང་ཁྱེར་ཐད་གཏོགས་ལས་རིགས་སྡེ་ཚན་དང་། རྫོང(ཆུས)ཀྱིས་འགན་འཁྲིའི་དབང་ཚད་གཞིར་བཟུང་། ས་ཆ་བེད་སྤྱོད་དང་ཁོར་ཡུག་ཚོད་སྐོར་སོགས་ཀྱི་འགྲོ་ལུགས་གཉེར་བར་ཁས་བླངས་པ་མ་ཟད། རྣམ་གྲངས་དོན་འཁྱོལ་བྱུང་རྗེས། གཏན་འབེབས་གཞིར་བཟུང་འགྲོ་ལུགས་གསབ་དགོས།
30.ཡིད་རྟོན་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། ཏོག་གསར་གློ་ཚད་རིམས་ནད་འགོས་ཏེ། སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་དགོས་བྱུང་བའམ་ཡང་ན་ལོག་འཇོག་བྱེད་མཁན་དང་། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱིས་རྐྱེན་པས། ལོགས་དགར་ལྟ་ཞིབ་བྱེད་དགོས་ཀྱང་སྨན་ཁང་དུ་བསྡད་ནས་ལོགས་སུ་བཀར་མེད་པའི་མི། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཞུགས་མཁན། ཏོག་གསར་གློ་ཚད་རིམས་ནད་ཀྱི་རྐྱེན་པས། གནས་སྐབས་ཡོང་འབབ་གང་ཡང་མེད་པའི་མི་སྒེར་དང་ཁེ་ལས་སོགས་མི་སྣ་རིགས་བཞི་ལ་ཡིད་རྟོན་ཁེ་དབང་སྲུང་སྐྱོང་གི་ལྗང་མདོག་བགྲོད་ལམ་བཏོད་དེ། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་བྱེད་པོའི་ཡིད་རྟོན་ཁེ་དབང་འགན་སྲུང་ཏན་ཏིག་བྱེད་རྒྱུ་བཅས་རེད།
འགན་འཁུར་རྩོམ་སྒྲིག་པ། 德吉普尺
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣