ལྷ་ས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་སྒྲིག་ལམ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་ཐང་དང་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱ་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་འགན་ནུས་གང་ལེགས་བཏོན་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་ཧུར་ཐག་ཞུགས་ཏེ། རིམས་ནད་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བའི་དམ་བསྒྲགས་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཡོད། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རིམས་ནད་དང་འབྲེལ་བའི་སྲིད་འཛིན་གྱོད་གཞི་655བདག་སྤྲོད་བྱས་པ་དང་མི་1081ལ་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་བཅད་པ་རེད།
1 རིམས་འགོག་གཏན་འབེབས་ལ་བརྩི་སྲུང་མ་ཞུས་པར་རིམས་འགོག་ལས་དོན་པར་ཁ་རྡུང་བཏང་བ།
ཟླ་9བའི་ཚེས་28ཉིན། སྣེའུ་ཁུལ་གསར་གྱི་ཁུལ་ཆུང་ཞིག་ཏུ་སྡོད་མཁན་ནོར་ཆེ་གེ་མོ་ཕྱིར་དོན་རྗེས། ཁུལ་ཆུང་གི་རིམས་འགོག་ས་ཚིགས་ཀྱིས་སྤྲད་པའི་འགྲོ་སྐྱོད་ལག་ཁྱེར་སྟེང་གི་དུས་ཚོད་ཟིན་རུང་ད་དུང་ལོག་མེད། ཕྱི་དྲོའི་ཆུ་ཚོད་16དང་སྐར་མ་40ཙམ་ལ། ར་བཟི་བའི་ནོར་ཆེ་གེ་མོ་གཞི་ནས་ལོག་སླེབས་པ་དང་ལས་སྒྲུབ་མི་དམངས་ཉེན་རྟོག་པ་དང་རིམས་འགོག་ལས་དོན་པས་ཁོ་པར་སྐད་ཆ་འདྲི་སྐབས། གཞོགས་འདེགས་མ་བྱས་པ་མ་ཟད། ད་དུང་མི་དམངས་ཉེན་རྟོག་པ་དང་ལས་དོན་པར་ཁ་རྡུང་ཡང་བཏང་བ་རེད། མིག་སྔར་སྣེའུ་ཁུལ་གསར་སྤྱི་བདེ་ཅུས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཁྲིམས་ལྟར་ནོར་ཆེ་གེ་མོ་སྲིད་འཛིན་བཀག་ཉར་བྱས་པ་དང་འབྲེལ་དངུལ་ཆད་གཅོད་པའི་གཏན་འབེབས་ཀྱང་བྱས་པ་རེད།
2 རང་མཚམས་ཀྱིས་བཀག་སྡོམ་ཁུལ་ནས་ཕྱིར་ཐོན་པ།
ཟླ་10ཚེས་4ཉིན། བར་སྐོར་གནའ་གྲོང་སྤྱི་བདེ་ཅུས་རྗེ་འབུམ་སྒང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས། སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་ལས་དོན་པ་དང་མཉམ་དུ་སྐོར་གཡེང་བྱེད་སྐབས། ཁོངས་གཏོགས་ཁུལ་གྱི་མཱ་ཆེ་གེ་མོ་སོགས་སྐྱེས་པ་གསུམ་གྱིས་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་སྤྱི་བསྒྲགས་ལ་བརྩི་སྲུང་མ་ཞུས་པར། རང་མཚམས་ངང་བཀག་སྡོམ་ཁུལ་ནས་ཕྱིར་དོན་པས། བྱེད་སྤྱོད་འདིར་རིམས་ནད་མཆེད་པའི་ཉེན་ཁ་ཡོད་པ་ཤེས་པ་རེད། བར་སྐོར་གནའ་གྲོང་སྤྱི་བདེ་ཅུས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་མི་གསུམ་པོར་སྲིད་འཛིན་གྱི་ཆད་པ་བཅད་པ་རེད།
3 སྒྲིག་འགལ་ངང་ལྕགས་དྲ་ནས་མཆོངས་ཏེ་ཁུལ་ཆུང་དུ་འཛུལ་བ།
ཟླ་10ཚེས་7ཉིན། སྣེའུ་ཁུལ་གསར་སྤྱི་བདེ་ཅུས་མེ་འཁོར་འབབ་ཚུགས་ཉེན་དོན་ས་ཚིགས་ཀྱི་མི་དམངས་ཉེན་རྟོགས་པས་སྐོར་གཡེང་བྱེད་སྐབས། སྐྱེས་པ་གཉིས་ཀྱིས་སྒྲིག་འགལ་ངང་ལྕགས་དྲ་ནས་མཆོངས་ཏེ་ཁུལ་ཆུང་དུ་འཛུལ་བ་མཐོང་བས། སྣེའུ་ཁུལ་གསར་སྤྱི་བདེ་ཅུས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་མི་དེ་གཉིས་ལ་སྲིད་འཛིན་གྱི་ཆད་པ་བཅད་པ་རེད།
4 དང་བླངས་པའི་ཐོབ་ཐང་སྤྱད་དེ་ཁྲིམས་འགལ་ངང་འགྲུལ་པ་དབོར་ནས་ཁེ་བཟང་རག་ཐབས་བྱས་པ།
ཟླ་10ཚེས་8ཉིན། ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀུན་བདེ་གླིང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ལས་དོན་སྒྲུབ་སྐབས། སྐྱེས་པ་ཧོང་ཆེ་གེ་མོས་དང་བླངས་པའི་ཐོབ་ཐང་སྤྱད་དེ་མཁོ་སྤྲོད་འགན་ལེན་རླངས་འཁོར་བཏང་ནས་མི་8དབོར་ནས་ཁེ་བཟང་བཟས་པས། མིག་སྔར། ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཧོང་ཆེ་གེ་མོར་སྲིད་འཛིན་བཀག་ཉར་གྱི་ཆད་པ་གཅོད་པའི་གཏན་འབེབས་བྱས་པ་རེད།
སྤྱི་བདེ་ལས་ཁུངས་ཀྱིས་རིམས་ནད་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་རིགས“ཐར་པར་གཏན་ནས་མི་གཏོང་བར”ཚང་མར་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་རྒྱུ་དང་། ཉེས་གསོག་ཡིན་རིགས་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་རེད། སྟེས་དབང་གི་བསམ་བློ་འཆང་མཁན་གྱིས་བཅའ་ཁྲིམས་ཀྱི་མཐའ་ཚད་ལས་མི་འགལ་བར་བྱེད་པ་ལས། སྐེ་ཁྱེར་ནས་ཞགས་པ་ཉོས་ནས་རིམས་ནད་དང་འབྲེལ་བའི་ཁྲིམས་འགལ་ཉེས་པ་བསགས་ཚེ། སྤྱི་བདེ་ལས་ཁུངས་ཀྱིས་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་རྒྱུ་རེད།