དབུ་ཤོག>ཆེད་སྒྲིག
  • བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-10-08

    624370c1-c0b9-4846-bdb0-2dc6c99e23e0.jpg.jpg

    འདི་ནི་ཡར་ཀླུང་གཙང་པོའི་ལྷོ་ཁ་དུམ་བུའི་གཞུང་ལམ་ངོགས་གཉིས་ཀྱི་སྔོ་ལྗང་ལྗོན་ཤིང་ཡིན་པ།

    1f27b68d-5b5b-4264-80cc-70fc69c4c611.jpg.jpg

    འདི་ནི་ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོའི་མཛེས་ལྗོངས་ཡིན་པ།

    ཉིང་ཁྲི་གྲོང་ཁྱེར་གྱི་སྐྱེ་ཁམས་མཛེས་སྡུག་ལྡན་པ་དང་ཡུལ་ལྗོངས་ལྟ་ན་སྡུག་པས“བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་པའི་མཚན་སྙན་ཡོད། གྲོང་ཁྱེར་གྱི་ལྟེ་བ་ནས་ཐོན་ཏེ་རྒྱལ་ལམ་318བརྒྱུད་ཤར་ལྷོའི་ཕྱོགས་སུ་སྐར་མ་བཅུ་གྲངས་བསྐྱོད་རྗེས་བོད་ཀྱི“ཁམ་བུའི་མེ་ཏོག་གྲོང་ཚོ་དང་པོ”ཞེས་འབོད་པའི་ཀ་ལ་གྲོང་ཚོར་སླེབས།

    གྲོང་མདོའི་ལམ་འགྲམ་གྱི་གྱང་ལྡེབས་སུ་བྲིས་པའི“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག”ཅེས་པའི་ཡིག་འབྲུ་དམར་པོ་དེ་ཧ་ཅང་མངོན་གསལ་དོད་པོ་འདུག དེ་ནས་ནང་དུ་སོང་ན། འགྲོ་ལམ་ཁོད་སྙོམས་ལ་གྲལ་འགྲིག་པ་དང་ཕྱོགས་བཞིར་མེ་ཏོག་གིས་བརྒྱན། དགུང་སྔོན་སྤྲིན་དཀར་གྱི་འོག་ཏུ་བོད་བཟོའི་སྡོད་ཁང་སྟར་པ་མང་པོ་རི་གསེབ་ཏུ་གནས་པ་དང་། རི་སྟེང་གང་སར་སྐྱེས་པའི་རི་སྐྱེས་ཁམ་སྡོང་ལས་མི་རྣམས་ལ་བློ་བདེ་བག་ཕེབས་ཀྱི་སྣང་བ་ཞིག་སྟེར།

    ཀ་ལ་གྲོང་ཚོའི་གྲོང་མི་ཟླ་བ་རྒྱལ་མཚན་གྱིས“ང་ཚོའི་གྲོང་ཚོའི་ཉེ་འཁོར་དུ་རི་སྐྱེས་ཁམ་སྡོང་ཚལ་མུའུ་བརྒྱ་ཕྲག་ཁ་ཤས་ཡོད་པ་དང་ཁམ་སྡོང་རྒན་ཤོས་ལོ་600ལྷག་ཙམ་ཟིན་གྱི་ཡོད། ལོ་ལྟར་གྱི་ཟླ་3པ་དང་4པར་ཁམ་བུའི་མེ་ཏོག་བཞད་ནས་ཡུལ་ལྗོངས་ཡག་པོ་ཡོད”ཅེས་བཤད་ཅིང་། ཁོང་གིས་དེ་སྔ་མཛེས་སྡུག་ལྡན་པའི་ཁམ་བུའི་མེ་ཏོག་བཞད་ཀྱང་ས་གནས་འདིའི་མི་རྣམས་ཀྱི་འཚོ་བ་ཡག་ཏུ་སོང་མེད། སྐབས་དེ་དུས་གྲོང་མི་ཚོས་ཁམ་སྡོང་བཅད་ནས་བུད་ཤིང་བྱེད་ཀྱི་ཡོད་པས་མཛེས་སྡུག་ལྡན་པའི་སྐྱེ་ཁམས་དང་ཕྱུག་འགྱུར་གྱི་མདུན་ལམ་མཐའ་དག་ཐབ་ནང་གི་གོ་ཐལ་ལྟ་བུ་རེད་ཅེས་བཤད།

    “བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་བསྐྱོད་དེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཧུར་ཐག་བསྐྲུན་ནས་སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་2021ལོའི་ཟླ་7ཚེས་23ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་ས་གནས་དེ་གའི་འཕེལ་རྒྱས་ལ་ཕྱོགས་སྟོན་གནང་བ་རེད།

    འཕེལ་རྒྱས་ཀྱི་བསམ་ཕྱོགས་བརྗེས་པའི་ཀ་ལ་གྲོང་ཚོས་རྣམ་པ་གསར་པ་ཞིག་བཏོད་ཅིང་། ལོ་གཅིག་དུས་གཅིག་གི“ཁམ་བུའི་མེ་ཏོག་དུས་ཆེན”ལས་གྲོང་ཚོ་དེ་ཉིད་ཉེ་རྒྱང་གང་སར་སྐད་གྲགས་ཆོད་ཅིང་། ཕྱོགས་བཞི་མཚམས་བརྒྱད་ནས་ཡུལ་སྐོར་བ་རྒྱུན་མི་ཆད་པར་ཡོང་གི་ཡོད།

    ཀ་ལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས“རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ཀྱང་། ད་ལོའི‘ཁམ་བུའི་མེ་ཏོག་དུས་ཆེན’སྐབས་གྲོང་ཚོའི་མདོར་ཡུལ་སྐོར་བའི་རླངས་འཁོར་མང་པོ་སླེབས་ནས་ཡུལ་སྐོར་བ་ཚོས་ཁམ་སྡོང་ཚལ་དུ་པར་རྒྱག་པ་དང་། གྲོང་ཚོའི་ནང་ཅ་ལག་ཉོ་བ་དང་ལྟོ་ཆས་ཟ་བ་སོགས་བྱས་པས་གྲོང་ཚོ་ཡོངས་ཧ་ཅང་འཁྲུག་པོ་འདུག ‘ཁམ་བུའི་མེ་ཏོག་དུས་ཆེན’རིང་། ཀ་ལ་གྲོང་ཚོས་རིམ་རྩིས་བྱས་ན་ཡུལ་སྐོར་བ་ཁྲི་3ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་100ལྷག་ཙམ་བྱུང་བ་དང་། གྲོང་མི་དུད་ཚང་རེར་ཆ་སྙོམས་ཁེ་འབབ་སྒོར་ཁྲི་3ལྷག་ཙམ་རག་ཡོད”ཅེས་བཤད།

    སྟོན་ཁ་དང་དགུན་ཁ་ནི་གྲོང་ཚོར་ཡུལ་སྐོར་དུ་ཡོང་མཁན་མང་པོ་མེད་པའི་དུས་ཚིགས་ཡིན་ཡང་། གྲོང་མི་ཚེ་གཡང་གིས་རང་ཁྱིམ་གྱི་དམངས་སྲོལ་མགྲོན་ཁང་གི་སྒོ་འབྱེད་རྒྱུར་བྲེལ་བཞིན་མཆིས། “གྲོང་ཚོར་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་དུ་འགྲོ་གི་འདུག་པས་ངས་དུས་ཚོད་དམ་འཛིན་གྱིས་རང་ཁྱིམ་གྱི་དམངས་སྲོལ་མགྲོན་ཁང་གི་སྒོ་མགྱོགས་པོ་ཕྱེ་ཐུབ་པ་བྱེད་ཀྱི་ཡིན”ཞེས་ཚེ་གཡང་གིས་བཤད་པ་དང་། ཡང་ཁོ་མོས་ངའི་དམངས་སྲོལ་མགྲོན་ཁང་གི་ཁང་མིག་16ཚང་མར་ཆུ་ཚ་པོ་བཟོ་ཆས་དང་བརྙན་འཕྲིན་སོགས་སྒྲིག་ཆས་སྒྲིག་སྦྱོར་བྱས་ནས་དུས་སང་གི“ཁམ་བུའི་མེ་ཏོག་དུས་ཆེན”རིང་སྒོ་ཕྱེ་ནས་མགྲོན་པོ་བསུ་བར་གྲ་སྒྲིག་བྱས་ཡོད་ལ། “དུས་སང་ཡུལ་སྐོར་བ་དེ་བས་མང་བ་ཡོང་རྒྱུ་ཡིན་པ་ངར་ཡིད་ཆེས་ཡོད”ཅེས་འཛུམ་དམུལ་དམུལ་ངང་བཤད།

    རྡོ་གཅལ་ལམ་བརྒྱུད་ནས་ཏོག་ཙམ་སོང་རྗེས་གྲོང་ཚོའི་ལྟེ་བར་གནས་པའི་མཐུན་སྒྲིལ་ཐང་ཆེན་དུ་སླེབས་པ་དང་། དེ་གར་ཡོད་པའི་གསར་བརྗེའི་ཞིབ་སྦྱོང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་འགྲེམས་སྟོན་ཁང་དེས་མི་རྣམས་ཀྱི་ཡིད་དབང་འཕྲོག་བཞིན་ཡོད།

    འདི་ལོའི་ཟླ་གསུམ་པར་གསར་དུ་བསྐྲུན་པའི་འགྲེམས་ཁང་དེས“མཐུན་སྒྲིལ་ལ་བསྟོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་པར་རྙིང་པ་དང་། ཚགས་པར་རྙིང་པ། དངོས་ཟོག་རྙིང་པ། གློག་རྡུལ་ལངས་གཟུགས་བྱེ་གཞོང་སོགས་འགྲེམས་སྟོན་བྱས་ནས་ལྟད་མོ་བ་ཚོར་ཀ་ལ་གྲོང་ཚོ་མཛེས་སྡུག་དང་འབྱོར་ཕྱུག་ཅན་དུ་འགྱུར་བཞིན་པའི་གསོན་ཉམས་དོད་པའི་ལོ་རྒྱུས་བརྒྱུད་རིམ་བརྗོད་བཞིན་ཡོད།

    འགྲེམས་སྟེགས་ཐོག་བསྒྲིགས་པའི་དུང་ཆེན་དེ་ཧ་ཅང་མངོན་གསལ་དོད་པོ་ཡོད་ཅིང་། འགྲེལ་བཤད་པ་ཡིན་པའི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཨུད་རྩ་འཛུགས་པུའི་ལས་བྱེད་པ་ཧོང་ཧའེ་ཧྥུན་གྱིས་དུང་ཆེན་དེ་ནི་དེ་སྔ་གྲོང་ཚོའི་ནང་གི་སྤྱི་པའི་འཕྲིན་གཏོང་ཡོ་བྱད་འབའ་ཞིག་དེ་རེད། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་བར་གྲོང་ཚོས་ལས་བྱེད་པ་བསྡུ་རུབ་དང་མང་ཚོགས་ལ་བརྡ་ཐོ་གཏོང་དུས་དུང་ཆེན་དེར་བརྟེན་དགོས་ཀྱི་ཡོད། ད་ཆ་གྲོང་ཚོར“ལྗང་མདོག་དངུལ་ཁང”དང་ཡུལ་སྐོར་གྱི་ཁེ་སྤོགས་བགོ་བ་སོགས་ཀྱི་རྣམ་གྲངས་ཡོད་པས་འབབ་འཕར་གྱི་ཐབས་ལམ་མང་དུ་དང་སྡོད་མལ་ཁོར་ཡུག་ལེགས་སུ་ཕྱིན་པ་མ་ཟད། སྔ་ས་ནས་དེང་རབས་ཅན་གྱི་འཕྲིན་གཏོང་ཡོ་བྱད་སྣ་ཚོགས་སྤྱོད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།

    ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་ཉེར་ཡོད་ཅིང་། ཚང་མས་འགྲེམས་ཁང་དུ་ཡོད་པའི་དངོས་ཟོག་རྙིང་པར་ལྟ་བཞིན་འདས་སོང་ཕྱིར་དྲན་གྱིས་ཏང་གི་རྗེས་སུ་འབྲང་ཚེ་བདེ་སྐྱིད་ལྡན་ངེས་ཡིན་པའི་གནས་ལུགས་དེ་བས་གསལ་པོ་ཤེས་ཡོད་ལ་འབྱུང་འགྱུར་གཏོད་པའི་སེམས་ཤུགས་དེ་བས་ཆེ་རུ་ཕྱིན་ཡོད”ཅེས་ཧོང་ཧའེ་ཧྥུན་གྱིས་བཤད།

    གྲོང་ཚོའི་ཕྱི་རོལ་དུ་སྐྱོད་སྐབས། ཤར་ཕྱོགས་ཀྱི་ཐག་མི་རིང་བའི་ཞིང་ཁའི་འགྲམ་དུ་གྲོང་མི་འགའ་ཞིག་ལུད་རྒྱག་བཞིན་པ་དང་། འདེབས་མ་ཐག་པའི་པད་ཁའི་མྱུ་གུ་འབུས་བཞིན་འདུག

    “རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་མེས་པོས་བཞག་པའི་སྐྱེ་ཁམས་རྒྱུ་ནོར་ལ་སྲུང་སྐྱོང་ཡག་པོ་བྱེད་པ་དང་ཁམ་བུའི་མེ་ཏོག་ཡུལ་སྐོར་གྱི‘གསེར་བྱང’དེ་གོང་འཕེལ་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་དེ་ཀ་ལ་གྲོང་ཚོར་རྣམ་པར་བཞད་ཐུབ་པ་བྱེད་ཀྱི་ཡིན”ཞེས་སྤེན་པས་གདེང་ཚོད་ཆེན་པོས་བཤད།

    བོད་ལྷོ་རྒྱུད་ཀྱི་ལུང་གཞུང་ནས་ལེ་དབར་སྟོང་གི་ལམ་ཐག་ཆོད་པའི་བོད་བྱང་ཐང་བར་གངས་ལྗོངས་ས་མཐོར་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཀྱི་རི་མོ་ཞིག་ཆགས་ཡོད་པ་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་གང་སར་མཐོང་རྒྱུ་ཡོད།

    ཡངས་ཤིང་རྒྱ་ཆེ་བའི་བྱང་རྩྭ་ཐང་སྟེང་གཙོད་ཁྱུ་ཞིག་ཡོད་པ་དང་། ཁོ་ཚོ་སྐབས་འགར་རྩྭ་ཟ་བ་དང་སྐབས་འགར་དལ་གྱིས་གྲལ་བསྒྲིགས་ནས་སྐྱོད་པ་སོགས། ཡུན་རིང་མ་སོང་བར་གཙོད་ཁྱུ་དེ་རི་ཟུར་བརྒལ་ཏེ་མིག་ལམ་ནས་མངོན་རྒྱུ་མེད་པར་གྱུར་སོང་།

    “མདུན་ཕྱོགས་སུ་ཡང་གཙོད་ཁྱུ་ཞིག་འདུག ང་ཚོས་ག་ལེར་བསྐྱོད་ནས་ཁོ་ཚོ་མི་འདྲོག་པ་བྱེད་དགོས” བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་སྐྱིད་སྦུག་དོ་དམ་ས་ཚིགས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་པ་ཚེ་རིང་བསྟན་འཛིན་དང་ཁོང་གི་རོགས་པ་ཚོས་སྦག་སྦག་བཞོན་ནས་སྐོར་ཞིབ་བྱེད་བཞིན་ཡོད་པ་དང་། ཁོང་ཚོས་སྦག་སྦག་ནས་བབས་ཏེ་གཙོད་ཁྱུ་ཐོན་པའི་དུས་ཚོད་དང་ས་གནས་སོགས་ཀྱི་ཆ་འཕྲིན་མགྱོགས་མྱུར་ཟིན་ཐོར་བཀོད་སོང་།

    “གཙོད་ཀྱི་ཁྱུ་ཟམ་མི་ཆད་པར་རྒྱ་ཆེར་སོང་བ་དང་རྐྱང་ཁྱུ་དང་ཁྱུ་བྱས་ནས་ཅི་དགར་རོལ་བ་མཐོང་སྐབས་རང་ཉིད་ཀྱི་འབད་བརྩོན་བྱས་པར་གྲུབ་འབྲས་ཐོབ་འདུག་སྙམ་གྱི་འདུག ང་ཚོས་ནུས་ཤུགས་ཡོད་རྒུས་དེ་གའི་ས་ཆ་སྲུང་སྐྱོང་ཡག་པོ་བྱེད་པ་དང་མེས་རྒྱལ་གྱི་གངས་ལྗོངས་ས་མཐོ་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན”ཞེས་ཚེ་རིང་བསྟན་འཛིན་གྱིས་བཤད།

    བོད་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་ཞིང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད། ས་གནས་དེ་གས་རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47བཙུགས་པ་དང་། སྐྱེ་ཁམས་ནུས་པའི་སྲུང་སྐྱོང་ཁུལ་སྣ་ཚོགས་22བསྐྲུན་པ། རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41.22ཟིན་པ་བཅས་རེད། མིག་སྔར། བོད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྲིད་སྟོན་དུ་བྱས་ནས་རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ལྗང་མདོག་བཟོ་ལས། དེང་རབས་ཞབས་ཞུ། ས་མཐོའི་སྐྱེ་དངོས། མཐའ་མཚམས་ཚོང་དོན་ཟོག་འགྲེམས། མཐོ་གསར་གྲངས་འཛིན་བཅས་ཐོན་ལས་ཆེ་གྲས་བདུན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།