དབུ་ཤོག>ཆེད་སྒྲིག
  • ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་བསྟན་འཛིན་དོན་གྲུབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-03

    བོད་ལྗོངས་མཐོ་བརྩོན་ཨར་པོའི་རྒྱུ་ཆ་མ་རྐང་ཚད་ཡོད་ཀུང་སིའི་གྲུབ་རྫས་བཟོ་སྐྲུན་འཁོར་ཁང་གི་ཀྲུའུ་རེན་བསྟན་འཛིན་དོན་གྲུབ་ཀྱིས། དངོས་སྒྲུབ་གསར་གཏོད་ཀྱི་བཟོ་བོའི་སྙིང་སྟོབས་ལ་བརྟེན་ནས“སྣེ་ཁྲིད་པ”ཡག་པོ་ཞིག་བྱེད་པ།

     ཐོན་སྐྱེད་ཀྱི་བསྡོམས་རྩིས་པ་དང་། མཛོད་ཁང་གི་གཉེར་བ། ཨར་འདམ་བཀོལ་སྤྱོད་པ། རྒྱུ་ཆ་ཐོན་སྐྱེད་བཀོལ་སྤྱོད་པ་སོགས་འཐབ་ཕྱོགས་དང་པོའི་ལས་བཟོ་དཀྱུས་མ་ཞིག་ནས་གྲུབ་རྫས་བཟོ་སྐྲུན་འཁོར་ཁང་གི་ཀྲུའུ་རེན་མ་ཆགས་པའི་བར་བསྟན་འཛིན་དོན་གྲུབ་ཀྱིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་བཟོ་བོའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། དཀའ་སྤྱད་འབད་བརྩོན་དང་གསར་འབྱེད་གསར་གཏོད་ཀྱིས་ཀུང་སིའི་སྣེ་ཁྲིད་ནས་ལས་དོན་བསྒྲུབས་པས། ལོ་མང་བསྟུད་མར་དཔལ་འབྱོར་གྱི་ཕན་འབྲས་ཐོན་ཡོད་ལ། ལས་བཟོར་ཡང་ཡོང་འབབ་བྱུང་ཡོད།

    640.jpg

      “ང་ཁྱིམ་དུ་བསྡད་ན་སེམས་གནས་ཀྱི་མི་འདུག རྟག་པར་ལས་ཀ་དག་སེམས་ལ་འཁོར་གྱི་འདུག དེ་ལས་འཁོར་ཁང་དུ་བསྡད་ན་བློ་བདེ་པོ་འདུག”དེ་ལྟར་མི་གཞན་སུ་ཞིག་ལས་ཀྱང་ལས་ཀར་ཡོང་མཁན་སྔ་ཤོས་དང་ཕྱི་ཤོས་ལོག་མཁན་བསྟན་འཛིན་དོན་གྲུབ་ཀྱིས་ལོ་10ལྷག་ཙམ་རིང་འཁོར་ཞག་མ་བསྡད་པར། སེམས་ནུས་ཡོད་ཚད་ལས་ཀར་འཇོག་གི་ཡོད། ཀུང་སིའི་སྒྲིག་ཆས་པུའི་པུའུ་ཀྲང་ཀྲུའུ་ཅེ་ཡིས། ཛ་དྲག་གི་ཐོན་སྐྱེད་ལས་འགན་ཡིན་ནའང་འདྲ། ཡང་ན་ཉེན་སེལ་མྱུར་བཟོ་གང་ཡིན་རུང་། ཁོང་གིས་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་གི་སྣེ་ཁྲིད་ནས་མདུན་ལ་ཤོར་གྱི་ཡོད། ཁོང་ནི་ང་ཚོས་བྱ་གཞག་སྒྲུབ་པར་སྣེ་འཁྲིད་མཁན་ཞིག་རེད་ཅེས་བརྗོད།

      2015ལོར། བསྟན་འཛིན་དོན་གྲུབ་ཀྱིས་འཐག་འཁོར་རྐྱང་པའི་མ་ལག་འཁོར་སྐྱོད་བྱེད་ཚད་100%ཡི་ལོ་རྒྱུས་ཀྱི་ཟིན་ཐོ་བཏོད་པས། ལོ་དེ་རང་ལ་ཀུང་སིའི་སྒྲིག་ཆས་ཉམས་གསོའི་རིན་པ་སྒོར་ཁྲི་100ལྷག་ཙམ་གྲོན་ཆུང་ཐུབ་ཡོད། 2017ལོར། བསྟན་འཛིན་དོན་གྲུབ་ཀྱིས་ལས་བཟོ་དང་སྙིང་གཏམ་ཤོད་རེས་བྱེད་སྐབས། འཁོར་ཁང་ལ་ཐལ་རྡུལ་ལང་བ་དང་ཐལ་རྡུལ་འཁྱིལ་བའི་གནས་ཚུལ་ཡོད་པ་ཤེས། “ཐལ་རྡུལ་གྱིས་ཁོར་ཡུག་ལ་སྦགས་གཙོག་བཟོ་གི་ཡོད་པ་མ་ཟད། ད་དུང་བཟོ་པ་ཚོས་ཆེད་མངགས་ཐལ་རྡུལ་འཕྱག་དགོས་པས། ངལ་རྩོལ་ནུས་ཤུགས་ཟད་ཆེ་བའི་ཁར་སྒྲིག་ཆས་ལ་སྐྱོན་ཤོར་ཚད་ཀྱང་མང་དུ་འགྲོ་སྲིད”ཅེས་ཁོང་གིས་བརྗོད། དེ་མུར་བསྟན་འཛིན་དོན་གྲུབ་ཀྱིས་ཐོག་མའི་ཇུས་འགོད་དཔེ་རིས་བཙལ་ནས། བཟོ་པ་ཚོའི་སྣེ་ཁྲིད་དེ་ཐོན་སྐྱེད་ཀྱི་དོན་དངོས་ནས་འགོ་བཙུགས་ཏེ། ལག་རྩལ་གསར་བཅོས་ཀྱི་ཇུས་གཞིར་གྲོས་བསྡུར་གྱིས་འཁོར་ཁང་དུ་བསྟུད་མར་ལས་ཀ་ཉིན་20ལྷག་ཙམ་བྱས་ནས། དེ་སྔ་ཕྱིར་དོན་པའི་སྐྱེལ་འདྲེན་ཀོ་ཐག་དེ་ཁ་བཙན་པའི་ཤུར་མར་བཟོ་བཅོས་བརྒྱབ་པ་ལས་ཐལ་རྡུལ་འཁྱིལ་བའི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། ད་དུང་སྒྲིག་ཆས་སྐྱེལ་འདྲེན་བྱེད་སྐབས་ཀྱི་གློག་ཀྱང་གྲོན་ཆུང་ཐུབ་ཡོད།

    640 (1).jpg

      2018ལོ་ནས་བཟུང་། བསྟན་འཛིན་དོན་གྲུབ་ཀྱིས་གྲུབ་རྫས་བཟོ་སྐྲུན་འཁོར་ཁང་གི་སྒྲིག་ཆས་དང་བཟོ་རྩལ་མ་ལག་ལ་ལག་རྩལ་གྱི་སྒྱུར་བཅོས་རབ་དང་རིམ་པ་བྱས་པས། སྒྲིག་ཆས་ནས་ཕུ་ཤོར་བ་དང་ཆུ་འཛག་པ་སོགས་ཀྱི་སྐྱོན་ཤོར་ཚད་ཉུང་དུ་ཕྱིན་པ་མ་ཟད། ལས་བཟོའི་ངལ་རྩོལ་ཉུང་དུ་ཕྱིན་པ་དང་། མ་ལག་གི་སྐྱོན་ཆ་ཉུང་དུ་ཕྱིན་པ། འཁོར་སྐྱོད་བྱེད་ཚད་མང་དུ་ཕྱིན་ཡོད་པ་རེད། 2020ལོའི་ཟླ་6པར། འཁོར་སྐྱོད་བྱེད་ཚད་98%ཟིན་པ་འགན་ལེན་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག ཀུང་སིས་ཨར་འདམ་ཏུན་ཁྲི་40ཐོན་སྐྱེད་བྱས་ནས། བཟོ་གྲྭ་བཙུགས་ཚུན་གྱི་ཟླ་ཧྲིལ་པོར་ཨར་འདམ་ཐོན་སྐྱེད་བྱེད་ཚད་ཀྱི་ཟིན་ཐོ་བཏོད་ཡོད།

      ལས་བཟོའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ཏེ། བསྟན་འཛིན་དོན་གྲུབ་ཀྱིས་ལས་བཟོ་ཚོར་བསམ་བློའི་སློབ་གསོ་ཡག་པོ་བརྒྱབ་པ་དང་། སྔ་རྗེས་སུ《གྲུབ་རྫས་བཟོ་སྐྲུན་འཁོར་ཁང་གི་ལས་གནས་ལམ་ལུགས》སོགས་ནང་ཁུལ་གྱི་ལམ་ལུགས་བཟོ་བཅོས་བརྒྱབ་ནས་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། ལྕག་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་། ནང་ཁུལ་གྱི་ལས་རྗེས་དཔྱད་ཞིབ་ལག་བསྟར་བྱས་པ། ལས་གནས་ཀྱི་འགན་འཁྲི་ཁ་གསལ་བཟོས་པ་བཅས་བྱས་ཏེ། ལས་མི་ཚོའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་འཕེལ་བར་བྱས་པས། “བྱ་བ་ཚང་མར་དོ་དམ་བྱེད་མཁན་ཡོད་པ་དང་བྱ་བ་ཚང་མ་དོན་འཁྱོལ་ཐུབ་པ”བྱུང་བ་མ་ཟད། ལས་ཕྱོད་ཀྱང་ཆེ་རུ་ནུས་ལྡན་ཕྱིན་ཡོད།

    640 (2).jpg

      2022ལོའི་ཟླ་7པར། བསྟན་འཛིན་དོན་གྲུབ་ཀྱིས་བོད་ལྗོངས་མཐོ་བརྩོན་ཨར་པོའི་རྒྱུ་ཆ་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པའི་འགན་ཁུར་ཞིང་། ཁོང་གིས། སླད་ཕྱིན་གྱི་ལས་ཀར། ང་ཚོས་ལྗོངས་ཕྱི་ནང་གི་ལས་རིགས་ཀྱི་སྣེ་ཁྲིད་ཁེ་ལས་ལ་དམ་པོར་དམིགས་ཏེ། སྔོན་ཐོན་གྱི་དོ་དམ་ཉམས་མྱོང་དང་ལག་རྩལ་སྦྱངས་ནས་ཀུང་སིའི་ཆེད་ལས་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། བདེ་འཇགས་ཐོན་སྐྱེད་དང་། ཁོར་ཡུག་སྲུང་སྐྱོང་། ཨར་འདམ་ཐོན་སྐྱེད་སོགས་ཀྱི་ཐད་འཕེལ་རྒྱས་དོན་གཉེར་བྱས་ནས། ཀུང་སི་འཕེལ་རྒྱས་གཏོང་བ་ཁྲོམ་ར་དང་དེ་བས་འཚམ་མཐུན་ཡོང་བར་བྱེད་རྒྱུ་མ་ཟད། གོང་འོག་གི་ཐོན་ལས་འཁོར་འབྲེལ་འཚོལ་ཞིབ་དང་སྣུར་སྲིང་བྱེད་པ་དང་དཔལ་འབྱོར་གྱི་འཕར་གཞི་གསར་པ་འཚོལ་ཞིབ་བྱས་ནས་གཞུང་ཁོངས་ཁེ་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་གི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།