ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་ལྷ་རྒྱལ་ཤང་དགོན་གསར་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲུའུ་རེན་ཚེ་རིང་དབང་མོའི་སྐོར་གླེང་སྐབས་དགོན་གསར་དགོན་གྱི་དགེ་འདུན་པ་ཚོས་མཐེ་བོང་མི་སྒྲེང་མཁན་གཅིག་ཀྱང་མེད། 2011ལོར་དགོན་གསར་དགོན་སྡེ་དོ་དམ་ཨུ་ལྷན་དུ་དགོན་སྡོད་ལས་བྱེད་པར་མངགས་པ་ནས་བཟུང་། ཚེ་རིང་དབང་མོས་དགེ་འདུན་པའི་དཀའ་ངལ་དངོས་ལ་དམིགས་ནས་དྲོ་སྐྱིད་སྦྱིན་པ་དང་ཞབས་འདེགས་ཞུས་པར་བརྟེན་ཁོང་གི“ཞུམ་མེད་ཀྱི་བརྩེ་སེམས”ལ་དགེ་འདུན་པ་ཚོའི་གདེང་འཇོག་བཟང་པོ་ཐོབ་པ་རེད།
ལས་གནས་ཐོག་གི“མོ་ཁྱོ་ག”
2008ལོར་ཀྲུང་གོ་མི་དམངས་སྤྱི་བདེ་སློབ་ཆེན་ནས་ཐོན་པའི་ཚེ་རིང་དབང་མོ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་བོད་རིགས་བུ་མོ་ཞིག་རེད། སློབ་གྲྭ་ཐོན་རྗེས། ཁོང་ཕ་ཡུལ་དུ་ལོག་ནས་ཡིག་རྒྱུགས་བཏང་སྟེ་གོ་འཇོ་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་ཞིག་ཏུ་གྱུར། ལོ་3ལྷག་ཙམ་སོང་རྗེས། ཁོང་དགོན་གསར་དགོན་སྡེ་དོ་དམ་ཨུ་ལྷན་དུ་མངགས།
དགོན་གསར་དགོན་ནི་1969ལོར་ཕྱག་བཏབ་ཞིང་། གོ་འཇོ་རྫོང་ལྷ་རྒྱལ་ཤང་གི་ས་བབ་མཐོ་ཚད་སྨི་4200ཟིན་པའི་རྒོད་པོ་ལ་སྟེང་དུ་ཆགས་པ་དང་། གནམ་གཤིས་ཞན་ལ་ཀྱག་ཀྱོག་གི་རི་ལམ་ཞིག་རྒྱུད་དགོས་ཀྱི་ཡོད།
ཚེ་རིང་དབང་མོས་དཀའ་ངལ་དེ་དག་གི་མདུན་དུ་དཔའ་མི་ཞུམ་པར། ཁོང་གིས་དགོན་སྡེ་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་པའི་གལ་ཆེའི་རང་བཞིན་གསལ་པོ་ཤེས་ཀྱི་ཡོད། དགོན་སྡེ་དོ་དམ་ཨུ་ལྷན་གྱི་འགན་ཁུར་བ་ཞིག་ཡིན་པའི་ངོས་ནས། ཁོང་གིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། མི་རིགས་ཀྱི་ཆོས་ལུགས་སྲིད་ཇུས། ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་སོགས་དྲིལ་བསྒྲགས་ཧུར་ཐག་བྱེད་པ་དང་རྒྱལ་ཁབ་ཀྱི་སྤྱི་སྐད་སློབ་གསོ་སྤེལ་བ་དང་འབྲེལ། རྒྱུན་དུ་ངོ་ཐུག་གདོང་འཕྲད་དང་བློ་གཏད་ནས་གྲྭ་བཙུན་ཚོའི་སྙིང་གཏམ་ཉན་ཏེ་དུས་ཐོག་ཏུ་གྲྭ་བཙུན་ཚོའི་བསམ་བློའི་འཁྱེར་སོ་ཤེས་པར་བྱེད་པ་མ་ཟད། ད་དུང་གྲྭ་བཙུན་སྒྲིག་འཛུགས་ཀྱིས་གཞས་གཏོང་བ་དང་། བྲོ་འཁྲབ་པ། ཐག་པ་འཐེན་པ་བཅས་བྱེད་པ་དང་། རྒྱ་ཆེའི་གྲྭ་བཙུན་ལ་རྒྱལ་གཅེས་ཆོས་གཅེས་དང་རང་འགུལ་ངང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས་པའི་ཁྲིད་སྟོན་བྱེད་ཀྱི་ཡོད། དགོན་སྡོད་ལས་དོན་ཕུད། ཁོང་གིས་ད་དུང་ཆ་སྒྲིག་རོགས་སྐྱོར་གྱི་ཁྱིམ་ཚང་ལ་རྒྱུན་དུ་འཚམས་འདྲི་བྱས་ནས་ཁོང་ཚོར་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཧུར་ཐག་གཏོང་དགོས་པའི་ལྕག་སྐུལ་བྱེད་ཀྱི་ཡོད། ཚེ་རིང་དབང་མོའི་ལས་རོགས་ཚོས་རྒྱུན་དུ“ཁོ་མོ་ལོ་ན་ཕྲ་ཡང་ལས་ཀར་ཧ་ཅང་རུ་ང་པོ་ཡོད། ལས་གནས་ཐོག་གི‘མོ་ཁྱོ་ག’རང་རེད”ཅེས་ཤོད་ཀྱི་ཡོད།
གུང་ཁྲན་ཏང་གིས་མངགས་པའི་ལས་བྱེད་པ་བཟང་པོ།
“ཧྲུའུ་ཅི་ལགས། ང་བདེ་པོ་མི་འདུག སྨན་ཞིག་ཉོ་རོགས་བྱས་ན་འགྲིག་གམ” “ཧྲུའུ་ཅི་ལགས། ཆུ་ཀ་ལར་སྐྱོན་ཤོར་འདུག་པས་བཟོ་རོགས་བྱས་ན་ཆོག་གམ” ཞེས་པ་སོགས་སྨན་པ་བསྟེན་པ་དང་། སྨན་ཉོ་བ། གཱ་བཟོ་བ། ཅ་ལག་ཉོ་བ་སོགས་དགོས་མཁོ་ཡོད་ཕྱིན་གྲྭ་བཙུན་ཚོས་ལམ་སེང་ཚེ་རིང་དབང་མོ་བསམ་བློར་འཁོར་གྱི་ཡོད། ཚེ་རིང་དབང་མོས་ཀྱང་ངང་རྒྱུད་རིང་པོས་དེ་དག་རེ་རེ་བཞིན་སྒྲུབ་རོགས་བྱེད་ཀྱི་ཡོད། ཁོང་གིས་རྟག་ཏུ“ང་ནི་ཏང་གིས་གྲྭ་བཙུན་ཚོར་ཞབས་འདེགས་ཞུ་མཁན་ལ་མངགས་པ་ཞིག་ཡིན་པས་དུས་དང་རྣམ་པ་ཀུན་ཏུ་དཔེ་བཟང་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས། གྲྭ་བཙུན་ཚོའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་བྱ་བ་ཡིན་ཕྱིན་ངས་སོ་སོ་རང་གི་ལས་ཀར་བརྩིས་ནས་ཡག་པོ་སྒྲུབ་དགོས”ཞེས་རང་ཉིད་ལ་སློབ་གསོ་རྒྱག་གི་ཡོད།
རོགས་རམ་ཐོབ་མྱོང་བའི་བཙུན་མ་ཚེ་རིང་བཟང་མོས་སེམས་འགུལ་ཆེན་པོ་ཐེབས་བཞིན“གྲྭ་བཙུན་ཚོར་དཀའ་ངལ་འཕྲད་ཚེ་འཕྲལ་དུ་བསམ་བློར་འཁོར་བ་ནི་ཚེ་རིང་དབང་མོ་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་ཚོ་རེད། གུང་ཁྲན་ཏང་གིས་ང་ཚོར་ལས་བྱེད་པ་བཟང་པོ་མངགས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།
ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པོའི་དབང་གིས་ཚེ་རིང་དབང་མོར་སྔ་རྗེས་སུ་རང་སྐྱོང་ལྗོངས་རིམ་པའི་དགོན་སྡོད་ཕུལ་བྱུང་ལས་བྱེད་པ་དང་། གྲོང་ཁྱེར་རིམ་པའི་སྔོན་ཐོན་ལས་དོན་པ། རྫོང་རིམ་པའི་དགོན་སྡོད་ཕུལ་བྱུང་ལས་བྱེད་པ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།
སྤོབས་པ་སྐྱེ་འོས་པའི་བཟའ་ཟླ་བཟང་པོ།
“ང་རྟག་པར་ལས་བྲེལ་ཆེ་བས་ཁྱིམ་གྱི་དོན་དག་སྒྲུབ་ཁོམ་དང་ནང་མི་དང་མཉམ་དུ་སྡོད་ཁོམ་གཏན་ནས་མི་འདུག”ཅེས་ཁྱིམ་ཚང་སྐོར་གླེང་རིམ་བཞིན་ཁོང་རང་དབང་མེད་པར་མིག་ཆུ་ཤོར་གྱི་ཡོད།
ན་ནིང་ཟླ་10པར། ཚེ་རིང་དབང་མོའི་ཨ་མར་ནད་གཞི་ལྕི་པོ་ཞིག་ཕོག་པས་གཅུང་པོས་ཁོང་ལ་ཁ་པར་ཐེངས་མང་བརྒྱབ་ནས་ཨ་མར་རོགས་པ་བྱེད་པར་ཡོང་རྒྱུའི་རེ་བ་བཏོན། “ཨ་མ་ལགས། ལས་ཀ་ཏོག་ཙམ་ཉུང་དུ་ཕྱིན་རྗེས་ཁྱེད་ལ་ལྟ་བར་ཡོང་གི་ཡིན”སྐབས་དེ་དུས་ལས་ཀ་མང་ཞིང་ལས་འགན་ལྕི་བས་ཚེ་རིང་དབང་མོ་རང་ཁྱིམ་དུ་ལོག་ཐབས་བྲལ། བསམ་ཡུལ་ལས་འདས་པ་ཞིག་ལ་ཁོང་ལ་ཡང་བསྐྱར་ཁ་པར་འབྱོར་དུས་ཨ་མ་ཚེ་ལས་འདས་ཟིན་པ་རེད།
ཚེ་རིང་དབང་མོའི་བཟའ་ཟླ་བཀྲ་ཤིས་རྡོ་རྗེ་ནི་གོ་འཇོ་རྫོང་དམིགས་བསལ་ཉེན་རྟོག་རུ་ཆེན་གྱི་ལས་རོགས་ཉེན་རྟོག་པ་ཞིག་ཡིན་ཞིང་། ནམ་རྒྱུན་ལས་བྲེལ་ཆེན་པོ་ཡོད། ཚེ་རིང་དབང་མོ་གཟའ་འཁོར་རེར་རི་གཤམ་དུ་ཚལ་ཉོ་བའམ་ཡང་ན་རྫོང་དུ་དཔྱད་གཞིའི་ཡིག་ཆ་སྐྱེལ་བར་འགྲོ་དུས་ཁོང་གཉིས་གཞི་ནས་ཐུག་འཕྲད་ཡོང་གི་ཡོད།
“བཟའ་ཟླས་ངའི་ལས་ཀར་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་རེད། སྐབས་རེ་དགོན་སྡེའི་གྲྭ་བཙུན་ན་ནས་རླངས་འཁོར་དགོས་དུས་འཕྲལ་མར་རོགས་པ་བྱེད་པར་ཡོང་གི་རེད”ཅེས་ཚེ་རིང་དབང་མོས་བརྗོད།
རང་གི་བུ་མོར་ཚེ་རིང་དབང་མོ་གནོང་འགྱོད་ཆེན་པོ་སྐྱེ་ཡི་ཡོད་ཅིང་། “བུ་མོ་ལོ་གསུམ་ལ་མ་སླེབས་བར་རི་བོ་ཆེ་རྫོང་དུ་ངའི་ཨ་མ་དང་སྲུ་མོས་ལྟ་རོགས་བྱས་པ་རེད། ལོ་གསུམ་ལ་སླེབས་རྗེས་གོ་འཇོ་རྫོང་བུ་བཅོལ་ཁང་དུ་བཏང་ཡང་ལས་བྲེལ་ཆེ་བས་ནམ་རྒྱུན་གྲོགས་པོས་ལྟ་རོགས་བྱེད་པ་ལས་ང་ལ་ཁོམ་པ་མི་འདུག”ཅེས་བརྗོད། དགའ་འོས་པ་ཞིག་ལ་ཁོང་གི་བུ་མོ་གྱོང་པོ་ཡོད་པས་སློབ་སྦྱོང་གི་སྦྱངས་འབྲས་ག་དུས་ཡིན་ཡང་མདུན་གྲལ་དུ་སླེབས་ཀྱི་ཡོད། ཨ་མའི་ཤུགས་རྐྱེན་འོག་བུ་མོ་ཆུང་ཆུང་དེས་ལོ་4ལ་སླེབས་སྐབས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞི”ཤོད་ཤེས་ཀྱི་ཡོད།
“ཏང་ཡོན་ཞིག་ཡིན་པའི་ཁོ་མོས་མི་དམངས་དང་རྒྱལ་ཁབ་ལ་ངོ་གནོང་མི་དགོས་པའི་རྒྱུགས་ལན་ཡག་པོ་ཞིག་ཕུལ་ཡོད། ངའི་སེམས་ནང་ཁོ་མོ་ནི་སྤོབས་པ་སྐྱེ་འོས་པའི་བཟའ་ཟླ་ཡག་པོ་ཞིག་ཡིན”ཞེས་བཟའ་ཟླ་བཀྲ་ཤིས་རྡོ་རྗེས་བརྗོད།