ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ངན་པར་ཁ་གཏད་ནུས་ལྡན་བཅག་སྟེ། རྒྱ་ཆེའི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་ཏན་ཏིག་བྱ་ཆེད། རང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་སོགས་དཀའ་ངལ་ཡོད་པའི་མང་ཚོགས་དང་། ལས་ཀ་ཤོར་ནས་འཚོ་བའི་ཐད་དཀའ་ངལ་ཡོད་པའི་མི། ནད་གཞིས་རྐྱེན་པས་འཚོ་བར་དཀའ་ངལ་ཕྲད་པའི་མང་ཚོགས་བཅས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཏོག་གསར་གློ་ཚད་ཕོག་མཁན་ལ་གནས་སྐབས་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བའི་བྱེད་ཐབས་ཁག་བཞི་བཏོན་འདུག
1.མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་སོགས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། དུས་འགོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་དང་དམིགས་བསལ་དཀའ་ངལ་ཡོད་པའི་མིར་འཚོ་བའི་ཁ་གསབ་སྒོར་སྤྲོད་ཐེངས་གཅིག་ལ་600མང་དུ་སྤྲད་པའི་ཐོག རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་ལ་ཡང་བསྐྱར་སྤྲོད་ཐེངས་གཅིག་ལ་འཚོ་བའི་ཁ་གསབ་སྒོར་600མང་དུ་སྤྲོད་རྒྱུ་རེད་འདུག
2.ལས་ཀ་ཤོར་ནས་འཚོ་བར་དཀའ་ངལ་ཡོད་པའི་མིར་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། མ་མཐའི་འཚོ་བ་འགན་སྲུང་བྱེད་ཁོངས་སུ་ཚུད་མེད་པ་དང་། རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས་ལས་གནས་སུ་ལོག་ཐབས་བྲལ་ཞིང་། ཟླ་3བསྟུད་མར་ཡོང་སྒོ་མེད་པའི་ཁར་འཚོ་བར་དཀའ་ངལ་ཡོད་པ་དང་། ལས་ཤོར་འགན་བཅོལ་གྱི་སྲིད་ཇུས་ཁྱབ་ཐབས་མེད་པའི་ཞིང་པ་ལས་མི་སོགས་འགན་བཅོལ་ལ་ཞུགས་མེད་པའི་ལས་ཀ་ཤོར་བའི་མི་དང་། མ་མཐའི་འཚོ་བ་འགན་ལེན་གྱི་ཁྱབ་ཁོངས་ནང་བཅུག་མེད་པ་དང་འཚོ་བར་དཀའ་ངལ་ཡོད་པའི་ལས་ཞུགས་ཐུབ་མེད་པའི་སློབ་ཆེན་སློབ་མ། ལས་གཏོད་ལམ་ལྷོངས་མ་བྱུང་བའི་སློབ་ཆེན་སློབ་མ་བཅས་ཀྱིས་སོ་སོས་རེ་འདུན་ཞུས་པ་བརྒྱུད། ལས་ཀ་བྱ་ཡུལ་ལམ་ཡང་ན་རྒྱུན་དུ་སྡོད་ཡུལ་ནས་གནས་སྐབས་རོགས་སྐྱོར་གྱི་དངུལ་སྤྲོད་ཐེངས་གཅིག་ལ་སྤྲོད་རྒྱུ་དང་རོགས་སྐྱོར་དངུལ་གྲངས་མང་ཤོས་ལ་སྒོར་2000རེད་འདུག
3.ནད་གཞིས་རྐྱེན་པས་འཚོ་བར་དཀའ་ངལ་འཕྲད་པའི་མང་ཚོགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། ཡོང་འབབ་དམའ་བའི་མི་འབོར་གྱི་ལྟ་ཞིབ་ཚད་ལེན་བྱེད་ཁོངས་སུ་ཚུད་པའི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི། མ་མཐའི་འཚོ་བ་འགན་སྲུང་གི་མཐར་ལུས་ཁྱིམ་ཚང་། དབུལ་སྒྲོལ་བརྟན་པོ་མེད་པའི་དུད་ཚང་། དབུལ་པོར་འགྱུར་སླ་བའི་མཐར་ལུས་དུད་ཚང་། གློ་བུར་དུ་དཀའ་ངལ་ཆེན་པོ་འཕྲད་པའི་དུད་ཚང་བཅས་ཀྱིས་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིའི་སྒོ་བསྟེན་སྨན་བཅོས་ཁང་དུ་གཅོང་ནད་དང་དམིགས་བསལ་གྱི་ནད་བསྟེན་པ་དང་། སྨན་ཁང་དུ་བསྡད་དེ་སྨན་བཅོས་བྱེད་རིང་། ལོ་འཁོར་གྱི་རིམ་རྩིས་འགྲོ་གྲོན་བསྡོམས་འབོར་ནས་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་འགན་བཅོལ་ནས་བཏང་བའི་ཆ་ཤས་འཐེན་རྗེས་ཀྱི་དེ་བྱིངས་སྲིད་ཇུས་ཀྱི་ཁྱབ་ཁོངས་སུ་མི་སྒེར་གྱིས་ཁུར་དགོས་པའི་འགྲོ་གྲོན་སྒོར་ཁྲི་2ཡན་ཟིན་རིགས་ལ། གཏོང་སྒོ་རྣམ་པའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་མི་རེར་ཆ་སྙོམས་ས་གནས་དེ་གའི་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཟླ་རེའི་ཚད་གཞིའི་ལྡབ་3ལས་མི་དམའ་བའི་སྒོ་ནས་སྤྲོད་ཐེངས་གཅིག་ལ་སྤྲོད་རྒྱུ་རེད་འདུག
4.ཏོག་གསར་གློ་ཚད་ཕོག་མཁན་ལ་གནས་སྐབས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། ཏོག་གསར་གློ་ཚད་ཕོག་པའི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི། དབང་པོ་སྐྱོན་ཅན་ཚབས་ཆེན། དྭ་ཕྲུག ཡུལ་གྱར་སློང་མཁན། ལོ་80ཡན་གྱི་རྒན་རྒོན་བཅས་ལ་འབྲེལ་ཡོད་རོགས་སྐྱོབ་ཀྱི་རྨང་གཞིའི་ཐོག་སྒོར་3000གི་ཚད་གཞི་ལྟར་འཚོ་བའི་ཁ་གསབ་སྤྲོད་ཐེངས་གཅིག་ལ་སྤྲོད་རྒྱུ་དང་། གཞན་ཡང་གཞི་རྩའི་འཚོ་བར་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་སྟེ། དཀའ་ངལ་གྱི་གནས་སུ་གྱར་བ་དང་འབྲེལ་ཡོད་སྤྱི་ཚོགས་རོགས་སྐྱོར་དང་འགན་ལེན་ལམ་ལུགས་གནས་སྐབས་ཁྱབ་ཐབས་བྲལ་བའི་ཁྱིམ་ཚང་ངམ་ཡང་ན་མི་སྒེར་ལ་སྐབས་འཕྲལ་རོགས་སྐྱོར་བྱ་ཐབས་ལ་བརྟེན་ནས་རོགས་སྐྱོར་བྱེད་རྒྱུ་རེད་འདུག