དབུ་ཤོག>ཆེད་སྒྲིག
  • ཁྱིམ་ཚང་ཁྲི་སྟོང་མང་པོར་བདེ་སྐྱིད་ཀྱི་རྨང་གཞི་བརྟན་པོ་བཏིང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-01

    ལས་ཞུགས་ནི་དམངས་འཚོའི་འདུ་འགོད་དང་། དམངས་སེམས་ཀྱི་འདུ་འགོད། གཞི་རྩའི་འདུ་འགོད་བཅས་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་ལྗོངས་ནང་ཁུལ་དང་ལྗོངས་ཕྱིར་ལས་ཞུགས་བྱེད་པའི་ཐབས་ལམ་གཉིས་སྤྱི་འདོམས་འཆར་འགོད་དང་། རང་བརྟེན་དང་རོགས་སྐྱོར་གྱི་ལས་ཞུགས་བྱེད་སྟངས་གཉིས་འཐུས་སྒོ་ཚང་དུ་ཧུར་ཐག་གཏོང་བ། ལས་ཞུགས་བརྟན་པོ་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་གཉིས་བསྡུ་སྒྲིལ་ནུས་ལྡན་བྱེད་པ། ལྗོངས་ནང་ཁུལ་གྱི་བསགས་འབོར་ལས་ཞུགས་ལས་གནས་ཀྱི་གཏིང་ཤུགས་སྔོག་འདོན་བྱེད་པ། ལྗོངས་ཕྱིའི་ལས་ཞུགས་ལས་གནས་འཕར་གྲངས་མང་དུ་གཏོང་བ། ཁྲིད་སྟོན་ཧུར་ཐག་དང་། ཁག་བགོས་འོས་འཚམ། ཕྱོགས་མང་འབད་བརྩོན། ཐབས་མང་མཉམ་སྤྱོད་བཅས་བྱས་པས་ལས་ཞུགས་ཀྱི་དུས་བབ་སྤྱིར་ན་བརྟན་པ་དང་། ལས་ཞུགས་ཀྱི་སྤུས་ཚད་རྒྱུན་མཐུད་ལེགས་པ། ལས་ཞུགས་ཀྱི་ནུས་པ་རྒྱུན་མཐུད་འདོན་སྤེལ་ཐུབ་པ་བཅས་བྱུང་ནས་ལྗོངས་ཡོངས་ཀྱི་ལས་ཞུགས་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།

    ལས་ཞུགས་ཀྱི་དུས་བབ་སྤྱིར་ན་བརྟན་པ།

    2012ལོ་ཚུན། རང་ལྗོངས་ཀྱིས་ཞིང་འབྲོག་མང་ཚོགས་ཚོ“འབྲོག་ར་ནས་ཁྲོམ་ར་དང་ཞིང་ནང་ནས་ལས་ཡུལ་དུ་བསྐྱོད་རྒྱུར”ཁྲིད་སྟོན་ཧུར་ཐག་བྱས་པས། ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་ཐུབ་ཚད་2012ལོའི་མི་གྲངས་ཁྲི་45ནས་2021ལོའི་མི་གྲངས་ཁྲི་69.3བར་མང་དུ་ཕྱིན་ནས་54%འཕར་ཡོད། 2016ལོ་ཚུན་རིམ་རྩིས་བྱས་ན་མང་ཚོགས་ལ་སྐྱེ་ཁམས་ལས་གནས་ཁྲི་70ལྷག་ཙམ་མཁོ་འདོན་བྱས་པ་དང་ལོ་རེར་མི་རེར་ཆ་སྙོམས་ཁ་གསབ་སྒོར་3500སྤྲད་ཡོད། གྲོང་ཁྱེར་དང་གྲོང་རྡལ་དུ་གསར་དུ་ལས་ཞུགས་ཐུབ་ཚད་རིམ་རྩིས་བྱས་ན་མི་གྲངས་ཁྲི་46.63ཟིན་པ་དང་། བརྟག་དཔྱད་བྱས་པ་ལས་ལས་ཀ་ཤོར་ཚད་5%ནང་ཚུན་དུ་ཚོད་འཛིན་ཐུབ་ནས་ལོ་བཅུའི་ནང་རྒྱལ་ཡོངས་ཀྱི་དམའ་ཤོས་རྒྱུན་འཁྱོངས་ཐུབ་ཡོད། ལས་ཞུགས་ཀྱི་ཆ་འཕྲིན་ལས་སྟེགས་ལ་བརྟེན་ནས་ལས་ཞུགས་ཀྱི་རྗེས་འདེད་རོགས་སྐྱོར་གནད་སྨིན་ལག་བསྟར་བྱས་པས། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གཅིག་ཀྱང་ལས་ཞུགས་ཐུབ་མེད་པའི་ཁྱིམ་ཚང་ལོ་བཅུ་བསྟུད་མར་སྐབས་བསྟུན་གཙང་བཟོ་ཐུབ་ནས་རིམ་རྩིས་བྱས་ན་དུད་ཚང་4000ཡན་གྱི་མི་ལས་ཞུགས་ཐུབ་ཡོད། མཐོ་སློབ་སློབ་ཐོན་སློབ་མ་ཁེ་ལས་སུ་ལས་ཞུགས་དང་། གཞི་རིམ་དུ་ལས་ཞུགས། ལྗོངས་ཕྱིར་ལས་ཞུགས། རང་བརྟེན་ལས་གཏོད་དང་སྟབས་བསྟུན་ལས་ཞུགས་སོགས་ཕྱོགས་མང་གཞི་གཅིག་གི་ལས་ཞུགས་རྣམ་པ་གསར་པ་བཏོད་པས། ལྗོངས་ཡོངས་ཀྱི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཙམ་རྒྱུན་འཁྱོངས་ཐུབ་པ་དང་ཁྲོམ་རར་ལས་ཞུགས་ཐུབ་ཚད་70%ཡན་ཟིན་ཡོད།

    ཉེ་བའི་ལོ་གཉིས་རིང་། རང་ལྗོངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། དཀའ་སེལ་བྱ་ཐབས་ཁག་ཚགས་ཚུད་པོ་བཏོན་པ་དང་། སྤྱི་ཚོགས་འགན་བཅོལ་དངུལ་ཆག་ཡང་ངམ་རྩ་ཆག་གཏོང་བ་དང་འགྱངས་འཇལ་བྱེད་པ་སོགས་ཀྱི་སྲིད་ཇུས་ལ་བརྟེན་ནས་ཁྲོམ་རའི་བྱེད་པོ་འགན་ལེན་དང་། ལས་ཞུགས་འགན་ལེན། དམངས་འཚོ་འགན་ལེན་བཅས་ཧུར་ཐག་ཐུབ་པར་བྱས་ཏེ་རིམ་རྩིས་བྱས་ན་ལས་ཞུགས་ལས་གནས་ཁྲི་11ལྷག་ཙམ་བརྟན་པོ་ཡོང་བར་བྱས་ཡོད།

    ལས་ཞུགས་ཀྱི་སྤུས་ཚད་རྒྱུན་མཐུད་ལེགས་པ།

    “མི་ཚང་མར་རང་ཉིད་ལ་དབང་བའི་འཕེལ་རྒྱས་ཀྱི་གོ་སྐབས་རེ་ཡོད། གལ་ཏེ་རང་ཉིད་ལ་དབང་བའི་གོ་སྐབས་དེར་དམ་འཛིན་བྱས་ན་གྲུབ་འབྲས་ཐོབ་ངེས་རེད”ཅེས་རང་སྐྱོང་ལྗོངས་ཀྱི“འཇོན་ཐང་བུམ་པ”ཞེས་པའི་སློབ་ཆེན་སློབ་མའི་ལས་གཏོད་འགྲན་བསྡུར་ཆེ་མོ་སྐབས་བརྒྱད་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་དང་གསར་གཏོད་ལས་གཏོད་མཉམ་སྤྱོད་ཚོགས་འདུའི་ཐོག་བོད་ལྗོངས་མཐོ་གསར་མ་འཇོག་ལས་རིགས་དོ་དམ་བློ་འདྲི་ཚད་ཡོད་འགན་འཁྲི་ཀུང་སིའི་CEOདང་བོད་ལྗོངས་གཡོད་རུང་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་མཉམ་འབྲེལ་གསར་གཏོད་པ་རྣམ་རྒྱལ་ཆོས་མཚོས་གནས་ལུགས་ཟབ་མོ་དྲངས་ནས་རང་ཉིད་ཀྱི་ངོ་མཚར་ཆེ་བའི་གཏམ་རྒྱུད་མཉམ་སྤྱོད་བྱས་པ་རེད།

    ཨ་རིར་སློབ་སྦྱོང་བྱེད་པ་དང་། ཧྲང་ཧའེ་རུ་ལས་ཀ་བྱེད་པ། ཕ་ཡུལ་བོད་ལ་ལོག་ནས་ལས་གཏོད་བྱེད་པ་བཅས་ནི་རྣམ་རྒྱལ་ཆོས་མཚོའི་གདམ་ག་གལ་ཆེན་གསུམ་ཡིན་ལ། དེ་ནི་ཁོང་རིམ་བཞིན་གནས་ལུགས་ཤེས་རྟོགས་ཐུབ་ནས་མཐར་གྲུབ་འབྲས་ཐོབ་པའི་ཕྱོགས་སུ་སྐྱོད་པའི“སྣུམ་སྣོན་ས་ཚིགས”ལྟ་བུ་ཞིག་ཀྱང་རེད།

    ལོ་ཁ་ཤས་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་པའི་ཉམས་མྱོང་ལས་རྣམ་རྒྱལ་ཆོས་མཚོའི་མཐོང་རྒྱ་ཆེ་རུ་ཕྱིན་པ་དང་། ཁོང་གི་བསམ་གཞིག་བྱེད་སྟངས་ལ་སྦྱོང་བརྡར་ཐེབས་པ། ཁོང་གི་ཧུར་བརྩོན་ཡར་བརྩོན་གྱི་འདུ་ཤེས་དང་མི་ཆོས་རིག་གནས་ཀྱི་སེམས་ཁུར་གྱི་སྙིང་སྟོབས་འཕེལ་་་བ་བཅས་ལས་ཁོང་རིམ་གྱིས་འཚར་ལོངས་ཡོང་རྒྱུར་སྐུལ་མ་ཐེབས་ཡོད། ཧྲང་ཧའེ་རུ་ལས་ཀ་བྱེད་རིང་། ཁོང་གིས་མཐའ་དག་ལས་རྣམ་པར་རྒྱལ་བར་བྱེད་པའི་རང་གཤིས་བཟང་པོ་དང་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་ལས་གྲུབ་འབྲས་ཆེན་པོ་ཐོབ་ནས་སླད་ཕྱིན་ལས་གཏོད་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད། 2019ལོར། རྣམ་རྒྱལ་ཆོས་མཚོས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་ཤིང་། རང་ཉིད་དང་བློ་ཁ་མཐུན་པའི་མཐོ་སློབ་ཀྱི་ལོ་འདི་གའི་ཕུལ་བྱུང་སློབ་ཐོན་སློབ་མ་ཁག་གཅིག་དང་མཉམ་དུ་ཆ་རྐྱེན་གང་ཡང་མེད་པ་ནས་འགོ་བཙུགས་ཏེ། ལོ་ཕྱེད་ནང་བོད་ཀྱི་རིག་གནས་གསར་གཏོད་ཀྱི་ཐོན་རྫས་ལྔ་དྲུག་ཞིབ་འཇུག་གསར་སྤེལ་བྱས་པར་ཁྲོམ་རའི་ཁས་ལེན་ཐོབ་པ་ལ་ད་དུང་མཚན་སྙན་ཡང་མང་པོ་ཐོབ་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་ཁྱད་ཆོས་དང་ལེགས་ཆར་དམ་པོར་དམིགས་ཏེ། ལས་གཏོད་ལས་དོན་དེ་ཁེར་རྐྱང་གི་ལས་གཏོད་གསོ་སྦྱོང་ནས་ལས་གཏོད་ཀྱི་རྗེས་མཐུད་ཞབས་ཞུ་དང་ལས་གཏོད་ཀྱི་གཞི་རྟེན་འདེགས་སྐྱོར་སོགས་ཕྱོགས་བསྡུས་དང་ཕྱོགས་མང་གི“སྣ་འཛོམས”ཞབས་ཞུའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བས་མི་ཁྲི་3.17ལ་ལས་གཏོད་གསོ་སྦྱོང་ཐུབ་པ་དང་། མི་7944ཡི་ལས་གཏོད་ལེགས་གྲུབ་བྱུང་བ། ལས་གཏོད་ལ་བརྟེན་ནས་མི་ཁྲི་1.69ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཐུབ་ཡོད།

    ལས་ཞུཌ་ཀྱི་ནུས་པ་རྒྱུན་མཐུད་འདོན་སྤེལ་ཐུབ་པ།

    སྙེ་མོ་རྫོང་མཁར་རུ་ཤང་ནི་རྒྱལ་ལམ་318ཀྱི་ལམ་རྒྱུད་དུ་གནས་པ་མ་ཟད་ལྷ་གཞིས་ལྕགས་ལམ་དང་ལྷ་གཞིས་གཞུང་ལམ་དང་ཉེ་འབྲེལ་ཡིན་པས་འགྲིམ་འགྲུལ་གྱི་ལེགས་ཆ་དང་ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད། 2017ལོར། མཁར་རུ་ཤང་གིས་ལྕགས་ནགས་རི་ལྗང་མདོག་ཞིང་ལས་འཕེལ་རྒྱས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། ཁོངས་མི་ནི་ཤང་དེ་ཡོངས་ཀྱི་དབུལ་སྒྲོལ་དུད་ཚང་45ཡི་མི་224དང་དེ་བཞིན་ཡོང་འབབ་ཅུང་དམའ་བའི་དུད་ཚང་14ཡི་མི་90ལས་གྲུབ་པ་ཞིག་རེད། མཉམ་ལས་ཁང་དེས་ཁྱད་ལྡན་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་དང་། བོད་བྱ་གསོ་ཚགས། འབྲི་གཡག་རྒྱགས་གསོ། སྐྱེ་ཁམས་ཡུལ་སྐོར་སོགས་ཐོན་ལས་ལ་བརྟེན་ནས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་ཡོད།

    2021ལོའི་ལོ་མཇུག་བར། མཉམ་ལས་ཁང་ལ་ཡོང་འབབ་སྒོར་ཁྲི་742.8བྱུང་ནས་དུད་ཚང་59ཡི་མི་314ལ་ཁེ་སྤོགས་སྒོར་ཁྲི་303བགོ་འགྲེམས་བརྒྱབ་པས་མི་རེར་ཆ་སྙོམས་འབབ་འཕར་སྒོར་9650བྱུང་བ་དང་། བྱ་དེ་གསོ་ཚགས་དཔུང་ཁག་གི་མི་6དང་། བ་གླང་གསོ་ཚགས་དཔུང་ཁག་གི་མི་6 འདེབས་འཛུགས་དཔུང་ཁག་གི་མི་12 ཡུལ་སྐོར་དཔུང་ཁག་གི་མི་10བཅས་གྲོང་གསེབ་ཀྱི་ཤེས་ལྡན་པའི་དཔུང་ཁག་4གསོ་སྐྱོང་བྱས་ཡོད།

    2012ལོ་ནས་བཟུང་། རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ངལ་ནུས་གཞན་སྒྱུར་གྱི་ཡོང་འབབ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་285ཟིན་ཡོད། 2022ལོའི་ལོ་སྟོད་དུ། རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་5705ཟིན་ནས་11.1%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་23975ཟིན་ནས་8.0%འཕར་ཏེ་ལས་ཞུགས་ཀྱི་དུས་བབ་སྤྱིའི་ཆ་ནས་བརྟན་པོ་བྱུང་ནས་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།