བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་རྒྱབ་སྐྱོར་དང་རོགས་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་རོགས་སྐྱོར་སྨན་བཅོས་རུ་ཁག་གི་རུ་མི་ཡོངས་ཀྱིས་དཀའ་སྤྱད་འབད་འཐབ་གནང་བར་བླ་ན་མེད་པའི་གུས་འདུད་ཞུས་པ།
ཚེས་29ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རོགས་སྐྱོར་སྨན་བཅོས་རུ་ཁག་ཁག་གཅིག་དང་བཞུགས་མོལ་གནང་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ཏེ་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་རྒྱབ་སྐྱོར་དང་རོགས་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་རོགས་སྐྱོར་སྨན་བཅོས་རུ་ཁག་ཁག་གི་རུ་མི་ཡོངས་ཀྱིས་དཀའ་སྤྱད་འབད་འཐབ་གནང་བར་བླ་ན་མེད་པའི་གུས་འདུད་ཞུས་པ་རེད། ཁོང་གིས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རིམས་འགོག་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། དྲིན་ཚོར་ཡར་བརྩོན་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་རྒྱུར་འབད་བརྩོན་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་པའི་ནན་བཤད་གནང་བ་རེད།
“ལྷན་རྒྱས་སྐུ་ལས་ཁག་སོང”ཞེས་ཝང་ཅུན་ཀྲེང་གིས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། རྒྱལ་ཁབ་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ཅུས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བོད་ཀྱི་ལས་དོན་ཚོགས་ཆུང་དང་པེ་ཅིང་དང་། ལེའོ་ཉིང་། ཅང་སུའུ། ཀྲེ་ཅང་། ཧུའུ་པེ། ཧུའུ་ནན། ཁྲུང་ཆིང་། ཀན་སུའུ་བཅས་ཞིང་ཆེན་དང་གྲོང་ཁྱེར་གྱི་རོགས་སྐྱོར་སྨན་བཅོས་རུ་ཁག་གི་འགན་འཁུར་བློ་མཐུན་དང་བྱམས་བརྩེའི་ངང་སྤེལ་རེས་དང་། རོགས་སྐྱོར་སྨན་བཅོས་རུ་ཁག་བོད་དུ་སྡོད་རིང་གི་ལས་ཀ་དང་འཚོ་བའི་གནས་ཚུལ་ལ་ཐུགས་ཁུར་དང་མཁྱེན་རྟོགས། རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་ཚང་མའི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་གསན་པ་བཅས་གནང་བ་རེད།
ཝང་ཅུན་ཀྲེང་གིས། བོད་དུ་རིམས་ནད་ཐོན་པ་ལས། རྒྱལ་ཡོངས་མི་དམངས་ཀྱིས་སེམས་ཁུར་ཆེན་པོ་བྱེད་པ་དང་སྦྲགས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་འཕྲལ་མར་སྨན་བཅོས་རུ་ཁག་མངགས་གཏོང་དང་། རིམས་འགོག་དངོས་རྫས་དཀོན་རིགས་མཁོ་འདོན། དུས་ཐོག་ཏུ་རོགས་རམ་ནུས་ལྡན་བཅས་བྱས་ནས་སྐྱེ་ལྡན་སྟོབས་ཤུགས་མང་དུ་བཏང་བ་མ་ཟད། ད་དུང་ཀྲུང་ཧྭ་མི་རིགས་ཀྱི་ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པའི་སྲོལ་རྒྱུན་བཟང་པོ་གང་ལེགས་མཚོན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མཚོན་པ། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་ཕན་ཚུན་ལྟ་སྐྱོང་དང་དགོས་པའི་དུས་སུ་སྨིན་པའི་བརྩེ་སེམས་ཟབ་མོ་མཚོན་པར་བྱས་ཏེ་བོད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་གྲུབ་འབྲས་གལ་ཆེན་ཐོབ་པར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། རྒྱ་ཆེའི་སྨན་བཅོས་རུ་མིས་བཀའ་འབྱོར་འཕྲལ་སྒྲུབ་དང་འགན་འཁྲི་འཁུར་ཕོད་པ་དང་། བོད་མི་དམངས་ལ་བརྩེ་དུང་ཟབ་མོ་བཅངས་པ། ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་བསྐྱངས་པ། ས་མཐོར་གསོ་རླུང་དཀོན་པ་སོགས་ཀྱི་དཀའ་ངལ་མང་པོ་ཁྱད་བསད་བྱས་པ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་། བསྟུད་མར་དམག་འཐབ་བྱེད་པ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་བྱས་པ། སེམས་ནུས་ཡོད་རྒུ་བཏོན་ནས་ཉིང་སྐྱུར་བརྟག་དཔྱད་དང་། རིམས་དཔྱད་ཁུངས་བཤེར། སྨན་བཅོས་སྐྱོབ་བཅོས། སྒྲོམ་ཚང་དོ་དམ་སོགས་ཀྱི་ལས་ཀར་ཞུགས་པ། ཛ་དྲག་ཆེ་ཤོས་དང་། དཀའ་ཚེགས་ཆེ་ཤོས། ཉེན་ཁ་ཆེ་ཤོས་བཅས་ཀྱི་རིམས་འགོག་གི་འཐབ་ས་མདུན་མར་འབད་འཐབ་བྱས་པའི་མི་སེམས་འགུལ་བའི་གནས་ཚུལ་རེ་རེ་དང་བརྩེ་སེམས་ཟབ་མོས་ས་མཐོའི་ས་གཞི་བརླན་ཡོད། དེ་ལས་སྨན་པའི་བྱམས་སེམས་ཆེན་པོ་དང་བརྩེ་སེམས་ཟབ་བཅངས་ཀྱི་བླ་ན་མེད་པའི་སྙིང་སྟོབས་གསོན་ཉམས་དོད་པོས་མཚོན་པ་དང་། མི་རིགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་དུ་བཏང་བ། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་གྱི་བརྩེ་སེམས་ཟབ་མོ་དང་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་འགྲན་མེད་དྲོ་སྐྱིད་ཚོར་ཐུབ་པ་བཅས་བྱུང་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས། སྨན་བཅོས་རུ་མིར་སེམས་ཁུར་དང་བྱམས་སྐྱོང་བྱས་ནས་ཁོང་ཚོའི་ལས་ཀ་དང་འཚོ་བ་འགན་ལེན་ཡག་པོ་བྱས་ཏེ་ཚང་མ་དེ་བས་གྲུང་ཤ་དོད་པའི་བསམ་པའི་ཉམས་འགྱུར་ཐོག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ནང་ཞུགས་སུ་འཇུག་དགོས། རོགས་སྐྱོར་སྨན་བཅོས་རུ་ཁག་གིས་རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་དབར་ཕན་ཚུན་ལྟ་སྐྱོང་དང་མཐུན་སྒྲིལ་རིམས་འགོག་བྱས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་དུ་གཏོང་བ་དང་མཐུན་སྒྲིལ་ཡར་བརྩོན་གྱི་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས། སྨན་བཅོས་རུ་ཁག་གི་རིམས་འགོག་ལག་ལེན་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་བྱེད་པ་དང་རང་ལྗོངས་ཀྱི་སྨན་དོན་མི་སྣ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་རང་ལྗོངས་ཀྱི་རིམས་འགོག་ནུས་པ་དང་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རླབས་ཆེན་གྱི་རིམས་འགོག་སྙིང་སྟོབས་དར་སྤེལ་བཏང་སྟེ་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དེ་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱེད་པའི་སྒུལ་ཤུགས་ཆེན་པོར་སྒྱུར་བ་བྱས་ནས “ཕྱི་ནས་མི་འགོས་པ་དང་ནང་དུ་བསྐྱར་ལོག་མི་ཡོང་བའི”སྤྱིའི་ཐབས་ཇུས་དང“སྐབས་བསྟུན་གཙང་བཟོའི”སྤྱིའི་བྱེད་ཕྱོགས་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་མཐའ་འཁྱོངས་བྱེད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྤྱི་འདོམས་བྱེད་པ། ཚན་རིག་དང་མཐུན་ཞིང་གནད་ལ་སྨིན་པའི་སྒོ་ནས་ཐབས་ཇུས་ལག་བསྟར་བྱེད་པ། དོ་དམ་དང་། ཚོད་འཛིན། སྔོན་འགོག་བཅས་ནན་པོ་བྱེད་པ། རིམས་ནད་བསྐྱར་ལོག་མི་ཡོང་བ་མཐའ་གཅིག་ཏུ་བྱེད་པ། ལས་སླ་པོར་ཐོབ་པ་ཞིག་མིན་པའི་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་རྒྱུར་འབད་བརྩོན་བྱེད་དགོས། མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ནུས་ཤུགས་སྒྲིལ་བ། སེམས་མཐུན་ཤུགས་སྒྲིལ་དང་བདེ་སྡུག་མཉམ་མྱོང་བྱེད་པ། སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།