དབུ་ཤོག>ཆེད་སྒྲིག
  • ཡངས་ཤིང་རྒྱ་ཆེ་བའི་ཞིང་ནང་དུ་རེ་བའི་ས་བོན་བཏབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-30

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གི་ཐུགས་ཁུར་བྱམས་སྐྱོང་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་ལྗོངས་ཀྱིས་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རོགས་བྱེད་པ། “བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ། “འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བཅས་བྱས་ནས། ཞིང་འབྲོག་ལས་ཐོན་སྐྱེད་བརྟན་ཁྲོད་ཡར་བརྩོན་དང་། ཞིང་འབྲོག་ཁུལ་བཅོས་སྐྱོང་བྱེད་ནུས་ཟམ་མི་ཆད་པར་ཆེར་གཏོང་། ཞིང་འབྲོག་པའི་ཡོང་འབབ་འཕར་ཤུགས་ཆེ་བ་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་པས་ཞིང་འབྲོག་པའི་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་མཆིས།

    ཐོན་ལས་དར་བ།

    ཞིང་འབྲོག་ལས་ཀྱི་ཕན་འབྲས་ཆེ་རུ་འགྲོ་བ་དང་ཞིང་འབྲོག་པར་འབབ་འཕར་ཡོང་བར་སྐུལ་འདེད་བཏང་བ།

    ལོ་བཅུའི་རིང་རང་ལྗོངས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་བཙུགས་ཏེ་ནས་དང་། འབྲི་གཡག བོད་ལུག སྔོ་ཚལ། འོ་མ། གཟན་ཆག བོད་ཕག བོད་བྱ། ཇ་ལོ། རྒུན་འབྲུམ་བཅས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱི་རྟེན་གཞི་ཆེ་གྲས་བཅུ་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། ཡིག་ཐོག་སྙན་ཞུ་ཕུལ་ནས་སྣེ་འདྲེན་ཁེ་ལས་གཏན་འཁེལ་བྱེད་པ་དང་། ཞིང་འབྲོག་པའི་མཉམ་ལས་ཁང་གི་ཚད་གཞི་མཐོ་རུ་གཏོང་བའི་བྱ་སྤྱོད་སྤེལ་བ། ཁྱིམ་ཚང་གི་ཞིང་འབྲོག་རའི་དཔེ་སྟོན་གསོ་སྤེལ་ལག་བསྟར་སོགས་ཀྱི་ལས་དོན་སྤེལ་བ་བརྒྱུད། ཞིང་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། འདི་ལོའི་ཟླ་6པ་བར་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་165དང་12730སོ་སོར་ཟིན་པ་དེ་2012ལོའི་ལྡབ་1.63དང་ལྡབ་13ཡིན་པ་དང་། ཁྱིམ་ཚང་གི་ཞིང་འབྲོག་ར་9261ཟིན་ཡོད།

    དེ་དང་ཆབས་ཅིག་རང་ལྗོངས་ཀྱིས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་གོམ་སྟབས་ལ་མགྱོགས་མྱུར་སྐུལ་འདེད་བཏང་ཡོད། འདི་ལོའི་ཟླ་6པར། ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་ལེགས་ཆའི་ཁྱད་ལྡན་ཐོན་ལས་ཚོམ་བུ་4དང་། རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་7 ཞིང་ལས་ཐོན་ལས་ཀྱི་སྟོབས་ཆེའི་གྲོང་རྡལ་18བཅས་བསྐྲུན་རྒྱུའི་ཆོག་མཆན་ཐོབ་པ་དང་། རྒྱལ་ཡོངས་ཀྱི“གྲོང་ཚོ་རེར་སྤུས་རྟགས་རེའི”དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ། ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ་བཅས་52དང་27སོ་སོར་ཟིན་པ་དང་པ་སྣམ་དང་། སྤོ་བོ། ཟངས་རི། ཆུ་ཤུར། མལ་གྲོ་གུང་དཀར་བཅས་རྫོང་5ལ་ཞིང་ལས་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་གཏོད་རྒྱུའི་ཆོག་མཆན་ཐོབ་ནས་ཁུལ་ཁོངས་སུ་ཞིང་ལས་དེང་རབས་ཅན་གྱི་རྣམ་པ་འཆར་འགོད་བྱེད་བཞིན་ཡོད་པ་རེད།

    ལྗང་མདོག་འཕེལ་རྒྱས།

    ཞིང་འབྲོག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྔར་བས་སྲུང་སྐྱོང་ཐུབ་པ།

    2018ལོ་ནས་བཟུང་རང་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་མི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་གཏིང་ཟབ་སྤེལ་ནས“གཙང་སེལ་བཞི་དང་སྒྱུར་བཅོས་གཉིས”གཙོ་གནད་དུ་བྱས་པའི་གྲོང་ཚོའི་ཁོར་ཡུག་གཙང་བཟོའི་བྱ་སྤྱོད་སྤེལ་བ་དང་། རྫོང་9སྔ་རྗེས་སུ“རྒྱལ་ཡོངས་ཀྱི་གྲོང་ཚོ་གཙང་མའི་བྱ་སྤྱོད་ཀྱི་སྔོན་ཐོན་རྫོང”ལ་བདམས་ནས་མཛེས་སྡུག་ལྡན་ཞིང་སྡོད་མལ་ལ་འཚམ་པའི་དཔེ་སྟོན་གྲོང་ཚོ་275གཏོད་རྒྱུའི་གཏན་འཁེལ་བྱས་པ་རེད། 2021ལོའི་ལོ་མཇུག་བར་རིམ་རྩིས་བྱས་ན་ཞིང་འབྲོག་ཁུལ་གྱི་དུད་ཚང་དུ་གསང་སྤྱོད་ཁྲི་31.66སྒྱུར་བཀོད་བྱས་པ་དང་། དུད་ཚང་དུ་གསང་སྤྱོད་ཁྱབ་ཚད་58%ཟིན་པ། ཞིང་འབྲོག་ཁུལ་གྱི་མི་འཚོ་སྡོད་ཁོར་ཡུག་ལེགས་སུ་ཕྱིན་པ། ལྗང་མདོག་འཕེལ་རྒྱས་དེ་མི་སེར་གྱི་འཚོ་བར་ཁྱབ་ཡོད་པ་རེད།

    ཚན་རྩལ་འདེགས་སྐྱོར།

    ཞིང་འབྲོག་ལས་དེང་རབས་ཅན་གྱི་ཚད་གཞི་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ།

    ཚན་རྩལ་སྟོབས་ཆེར་ཕྱིན་ན་འབྲུ་མཛོད་བརྟན་པོར་གྱུར། ལོ་བཅུ་ཡི་རིང་འཕེལ་རྒྱས་བཏང་བ་བརྒྱུད་རང་ལྗོངས་ཀྱི་ཞིང་འབྲོག་ལས་དེ་གནམ་ཆུ་སྒུག་པ་དང་གནམ་གཤིས་འགྱུར་བར་བལྟས་ནས་ཕྱུགས་གསོ་བའི་དཀའ་གནད་ལས་ཡོངས་སུ་བསྒྲལ་ཏེ། དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་དང་། ཞིང་ལས་སྐྱེ་དངོས་འདེབས་བསྡུ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་66.1%ཟིན་པ་དང་ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་འབུལ་ཚད་དེ་2012ལོའི་42%ནས“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་གི་55.9%བར་འཕར་ཡོད།

    ལོ་བཅུའི་ནང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་19བཏང་ནས་ཉོ་སྒྲུབ་ཀྱི་ཆ་རྐྱེན་དང་མཐུན་པའི་འཕྲུལ་ཆས་ལ་ཁ་གསབ་སྤྲོད་དགོས་རིགས་ཁ་གསབ་སྤྲད་པ་དང་ཁ་གསབ་སྤྲོད་ཁོངས་དེ་སྣ་ཁ་103བར་མང་དུ་བཏང་སྟེ། ཞིང་འབྲོག་ཁུལ་གྱི་ཐོན་ལས་འཁོར་སྦྲེལ་དང་པོ་དང་། གཉིས་པ། གསུམ་པ་བཅས་ལ་གཞི་རྩའི་ཆ་ནས་ཁྱབ་ཡོད་པ་རེད། ལྗོངས་ཡོངས་ཀྱི་ཞིང་འཕྲུལ་སྒྲིག་ཆས་བསྡོམས་འབོར་ཁྲི་52.46ལས་བརྒལ་བ་དང་། ཞིང་འཕྲུལ་གྱི་སྤྱིའི་སྒུལ་ཤུགས་ཆན་ཝ་ཁྲི་710.6ཟིན་པ། ཞིང་ལས་འཕྲུལ་ཆས་ཅན་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དེས་རང་ལྗོངས་ཀྱི་ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་ཆེ་རུ་གཏོང་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

    སྟབས་བདེ་ཅན་དང་། ལེགས་བསྡུས་ཅན། འཕྲུལ་ཆས་ཅན་བཅས་ཀྱི་ལྗང་མདོག་ཐོན་ཆེ་ནུས་ཆེའི་ཐོན་སྐྱེད་ལག་རྩལ་དེ་སྤྱོད་མང་ཤོས་སུ་གྱུར་ཡོད། 2021ལོར་ལྗང་མདོག་ཐོན་ཆེ་ནུས་ཆེ་གཏོད་པའི་རྒྱ་ཁྱོན་མུའུ་ཁྲི་190དཔེ་སྟོན་ཁྱབ་གདལ་བཏང་བ་དེ་2012ལོ་ལས་ལྡབ་3ཙམ་འཕར་བ་དང་། སྒྲིག་བཀོད་ཞིང་ལས་ཀྱི་རྒྱ་ཁྱོན་མུའུ་ཁྲི་5.85ཟིན་པ་དེ་2012ལོ་ལས་མུའུ་ཁྲི་1.4དང་སྔོ་ཚལ་སྣ་ཁ་120ལྷག་ཙམ་མང་དུ་ཕྱིན་ནས། ཞིང་འབྲོག་ལས་ཚན་རྩལ་གྱིས་ས་མཐོའི་སྲོལ་རྒྱུན་འདེབས་འཛུགས་དང་གསོ་ཚགས་བྱེད་སྟངས་ལ་འགྱུར་ལྡོག་མགྱོགས་མྱུར་གཏོང་བཞིན་ཡོད་པ་རེད།

    སྒྱུར་བཅོས་གཏིང་ཟབ།

    ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་བས་ཆེ་རུ་ཕྱིན་པ།

    ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གཉེར་སྐྱོང་བྱེད་དབང་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པ་དང་གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་བདག་དབང་ལམ་ལུགས་སྒྱུར་བཅོས་སོགས་ཀྱི་སྒྱུར་བཅོས་ལས་དོན་ཧུར་ཐག་སྤེལ་ནས་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆ་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་དོན་ཐད་འགན་གཙང་ལེན་པའི་གན་རྒྱ་ཁྲི་34.71བཞག་པ་དང་ལག་ཁྱེར་སྤྲོད་ཚད་99.62%ཟིན་ཡོད། ཤང་དང་གྲོང་རྡལ་691གི་གྲོང་ཚོ(གྲོང་ལྷན)5427གྱིས་དངུལ་དངོས་གཙང་བཤེར་གྱི་ལས་འགན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་ཏེ་གྲོང་ཚོ་རིམ་པ་དང་ཚོགས་ཆུང་རིམ་པའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མི་ཁྲི་266.48དང་མི་ཁྲི་17.7གཏན་འཁེལ་བྱས་པ་དང་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་གསར་པ་6171བཙུཌ་ཡོད།

    མིག་སྔར་རང་སྐྱོང་ལྗོངས་རིམ་པའི་གྲོང་གསེབ་སྒྱུར་བཅོས་ཚོད་ལྟའི་ཁུལ་6གིས་རེས་སྐོར་དང་པོའི་ཚོད་ལྟའི་ལས་འགན་གྱི་མཐའ་མའི་ཚོད་སྐོར་བྱས་ཏེ་ཡུལ་བབ་དང་བསྟུན་ནས་རེས་སྐོར་གསར་པའི་སྒྱུར་བཅོས་ཚོད་ལྟའི་ཇུས་གཞི་བཟོ་བཞིན་ཡོད། ཆུ་ཤུར་རྫོང་གི་རྒྱལ་ཁབ་རིམ་པའི་གྲོང་གསེབ་སྒྱུར་བཅོས་ཚོད་ལྟའི་ཁུལ་གྱིས“གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་སྒྱུར་བཅོས”དང་། “ཞིང་ལས་ཀྱི་གེགས་ཆེན་འགན་བཅོལ་དང་། མ་གནས་ཆ་ཚང་འགན་བཅོལ། ཡོང་འབབ་འགན་བཅོལ་བཅས་ཀྱི་སྒྱུར་བཅོས་འཚོལ་ཞིབ” “དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་འབྲེལ་མཐུད་ནུས་ལྡན་གྱི་ལམ་སྲོལ་གྱི་སྒྱུར་བཅོས་འཚོལ་ཞིབ”བཅས་གསར་དུ་འཕར་བའི་ཚོད་ལྟའི་ལས་འགན་3སྒྲུབ་བཞིན་ཡོད། གཞན་ཡང་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དང་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་ཁང་སའི་ལམ་ལུགས་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་མིག་སྔར་དུས་མཚམས་རང་བཞིན་གྱི་སྒྱུར་བཅོས་ཚོད་ལྟའི་ལས་དོན་གྱི་ལས་འགན་ལེགས་སྒྲུབ་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།