ཚེས་28ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ང་གཅིག་པ་འཚོགས་ནས་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གནས་ཚུལ་གསར་ཤོས་བརྡ་ཁྱབ་བཏང་བ་དང་། ཞིང་ཆེན་དང་གྲོང་ཁྱེར་ཁག་དང་དེ་བཞིན་འབྲེལ་ཡོད་ཚན་པས་རང་ལྗོངས་སུ་རིམས་འགོག་ལས་དོན་ལ་རོགས་སྐྱོར་བྱེད་པར་ཡོང་བའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པ་སྲིད་གཞུང་གི་དྲུང་ཆེ་གཞོན་པ་བསྟན་འཛིན་ལྷུན་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་9ཚེས་27ཉིན་གྱི་ཆུ་ཚོད་0ནས་24བར། ལྗོངས་ཡོངས་སུ་ཏོག་གསར་གློ་ཚད་ཕོག་པའི་ཡུལ་དེ་རང་གི་གཏན་འཁེལ་ནད་པ་13(ལྷ་ས་གྲོང་ཁྱེར་ནས་སྙན་སེང་ཞུས་པ)མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་132(ལྷ་ས་གྲོང་ཁྱེར་ལ་126དང་། གཞིས་རྩེ་གྲོང་ཁྱེར་ལ་1 ནག་ཆུ་གྲོང་ཁྱེར་ལ་4 མངའ་རིས་ས་ཁུལ་ལ་1)མང་དུ་ཕྱིན་ཡོད་པ་རེད།
ཟླ་9ཚེས་28ཉིན་གྱི་ཆུ་ཚོད་0ནས་14བར། ལྗོངས་ཡོངས་སུ་ཏོག་གསར་གློ་ཚད་ཕོག་པའི་ཡུལ་དེ་རང་གི་གཏན་འཁེལ་ནད་པ་5(ལྷ་ས་གྲོང་ཁྱེར་ནས་སྙན་སེང་ཞུས་པ)མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་46(ལྷ་ས་གྲོང་ཁྱེར་ལ་45དང་། གཞིས་རྩེ་གྲོང་ཁྱེར་ལ་1)མང་དུ་ཕྱིན་ཡོད་པ་རེད།
ཟླ་9ཚེས་27ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ཁྱོན་ཉེན་ཁ་ཆེ་བའི་ཁུལ་4དང་ཉེན་ཁ་འབྲིང་བའི་ཁུལ་57ཡོད་པ་རེད།
ཟླ་9ཚེས་27ཉིན་ཏོག་གསར་ནད་དུག་འགོས་པ་145མང་དུ་ཕྱིན་པ་དེ་དག་ཚང་མ་ལོགས་བཀར་དོ་དམ་ཚོད་འཛིན་ཁུལ་ནས་ཤེས་རྟོགས་བྱུང་བ་ཤ་སྟག་ཡིན་པ་རེད།
ཟླ་9ཚེས་27ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ནད་པ་3740དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ་དང་། ཐད་འབྲེལ་པ་93473ལ་གཅིག་སྡུད་ལོགས་བཀར་གྱི་ལྟ་ཞིབ་བྱེད་མཚམས་བཞག་པ་རེད། མིག་སྔར། མི་གྲངས་42937ལ་གཅིག་སྡུད་ལོགས་བཀར་གྱི་ལྟ་ཞིབ་བྱེད་བཞིན་ཡོད་པ་རེད།
རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཀུའོ་ལུའོ་ཡིས་ངོ་སྤྲོད་བྱས་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཐུགས་ཁུར་གཟིགས་སྐྱོང་གནང་ནས་འཕྲལ་དུ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཁབ་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ཅུས་ཀྱི་ལས་དོན་ཚོགས་ཆུང་མངགས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་མཛུབ་ཁྲིད་བྱས་པ་དང་། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་དང་དེ་བཞིན་འབྲེལ་ཡོད་ཚན་པས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་མཐའ་གཅིག་ཏུ་ཞུས་ཏེ་བཀའ་འབྱོར་འཕྲལ་སྐྱོར་དང་། ལྡོག་སྐྱོད་དཔུང་སྐྱོད། སྟོབས་ཤུགས་ཧྲག་བསྡུས། དངོས་ཟོག་དང་སྒྲིག་ཆས་སྐོང་འཐེན་བཅས་བྱས་ཏེ་རང་ལྗོངས་ཀྱི་རིམས་འགོག་ལ་རྒྱབ་སྐྱོར་བྱས་པ་རེད། གྲོང་ཁྱེར་དང་ས་ཁུལ་ཁག་དང་འབྲེལ་ཡོད་ཚན་པ་ཁག་གིས་སེམས་ནུས་གཅིག་སྒྲིལ་དང་མཐུན་སྦྱོར་གཞོགས་འདེགས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ལ་སྤྱི་འདོམས་བྱས་ཏེ་ཁྲེང་ཏུའུ་རུ་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་དང་། གོར་མོར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་། བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་། ལྷོ་ཁ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར། ནག་ཆུ་གྲོང་ཁྱེར། མངའ་རིས་ས་ཁུལ་སོགས་ཚན་པ་དང་གྲོང་ཁྱེར་གྱིས་ལྷ་ས་དང་གཞིས་རྩེ་གྲོང་ཁྱེར་གཉིས་ཀྱི་རིམས་འགོག་ལས་དོན་ལ་རྒྱབ་སྐྱོར་ཧུར་ཐག་བྱས་པ་རེད། རིམས་ནད་ཐོན་ཚུན། རིམ་རྩིས་བྱས་ན་ཞིང་ཆེན་དང་གྲོང་ཁྱེར་18ཀྱིས་རང་ལྗོངས་ཀྱི་རིམས་འགོག་ལ་རྒྱབ་སྐྱོར་བྱས་པ་རེད།
ཀུའོ་ལུའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། རོགས་སྐྱོར་དཔུང་ཁག་དེ་དག་གྲོང་ཁྱེར་དང་། ས་ཁུལ། རྫོང་དང་ཆུས་སོགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་སྐྱོད་ཅིང་། ཁོང་ཚོས་ལག་རྩལ་རྩེ་གྲ་དང་ཉམས་མྱོང་ཕུན་སུམ་ཚོགས་པོ་སྤྱད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཞུགས་པ་དང་། སྤྱོད་ཚུལ་བཟང་པོར་བརྟེན་ནས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ། བྱ་སྤྱོད་དངོས་ལ་བརྟེན་ནས་ལ་རྒྱ་དང་འགན་འཁྲི་འཁུར་སེམས་མཚོན་པ་བཅས་བྱས་ཏེ་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་ཐོབ་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། ཁོང་ཚོས་ནུས་ཤུགས་ཡོད་རྒུས་ཉིང་སྐྱུར་བརྟག་དཔྱད་བྱེད་པར་རོགས་སྐྱོར་བྱས་ནས་བརྟག་དཔྱད་ཚོད་ལྟ་ཁང་གང་མགྱོགས་རྒྱ་ཆེར་གཏོང་བ་དང་། ཉིང་སྐྱུར་བརྟག་དཔྱད་ཀྱི་ལྷུ་ཚིགས་ཁག་གི་བརྒྱུད་རིམ་ཟམ་མི་ཆད་པར་ལེགས་སུ་གཏོང་བ། བརྟག་དཔྱད་ཀྱི་སྤུས་ཚད་འགག་སྒོ་ནན་པོ་སྲུང་བ། མི་སྣའི་སྟོབས་ཤུགས་བརྒྱུད་རིམ་ལྡན་པའི་ངང་སྒྲིག་ཁོངས་སུ་བཅུག་ནས་གཞི་གཅིག་ཅན་གྱི་དོ་དམ་བཅས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་བརྟག་དཔྱད་ཀྱི་ལས་ཕྱོད་ཆེ་རུ་བཏང་བ་དང་། ནུས་ཤུགས་ཡོད་རྒུས་རིམས་དཔྱད་ཁུངས་འདེད་དང་། ས་གནས་ས་ཐོག་ཏུ་རིམས་ནད་རིག་པའི་བརྟག་དཔྱད་སྒྲིག་འཛུགས། ཉེན་ཁ་ཆེ་འབྲིང་ཁུལ་དབྱེ་འབྱེད་དང་བརྡར་ཤ་གཅོད་རོགས་བྱེད་པ། འགོ་ཁུངས་གསལ་བཟོ། ཐད་འབྲེལ་པ་དང་བརྒྱུད་འབྲེལ་པ་སོགས་ཉེན་ཁ་ཡོད་པའི་མི་ཚོགས་དབྱེ་འབྱེད་གནད་སྨིན་བྱེད་པ། “གདགས་བཤེར”དེ་བས་མགྱོགས་པ་དང་། དོ་དམ་དང་ཚོད་འཛིན་དེ་བས་གནད་ལ་འཁེལ་བ། ཞིབ་འཇུག་དང་བརྡར་ཤ་དེ་བས་གནད་ལ་འཁེལ་བ་དང་གྲོས་འགོ་དེ་བས་དམིགས་སའི་རང་བཞིན་ལྡན་པ་བཅས་བྱས་པ། ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་ནང་ཞུགས་ཏེ་སྒྲོམ་ཚང་དང་དམིགས་འཛུགས་སྨན་ཁང་ངམ་ཡང་ན་ནད་ཁུལ་སྒྲིག་གཞི་ཁ་གསབ་དང་རྩིས་ལེན་བདག་སྤྲོད་དང་། རིག་ཚན་མང་ཞིང་ཆུ་ཚད་མཐོ་བའི་རིགས་གཅིག་མཁས་ཅན་གྱི་ལྷན་འཛོམས་ནད་དཔྱད་སྒྲིག་འཛུགས། “ནད་པ་བསྡུ་བ་དང་། ལོགས་དབྱེ། སྒྱུར་སྐྱེལ། སྐོར་སྐྱོད། དོན་པ”བཅས་ཀྱི་ལྷུ་ཚིགས་ལེགས་སུ་གཏོང་བ། ཀྲུང་ལུགས(བོད་ལུགས)དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་སྨན་བཅོས་ལམ་སྲོལ་འཛུགས་པ་བཅས་བྱས་ནས་མི་ལ་བསྟུན་ནས་བྱེད་ཐབས་འདོན་པ་དང་ནད་བབ་དང་བསྟུན་ནས་སྐྱོབ་བཅོས་བྱས་ཏེ་ཉར་བཅོས་བྱེད་ནུས་ཆེ་རུ་བཏང་བ། གསོ་སྦྱོང་ལ་ནུས་ཤུགས་ཡོད་རྒུས་མཛུབ་ཁྲིད་དང་བུམ་པ་གང་བྱོའི་ཚུལ་གྱིས་བསླབས་ཏེ་རང་ལྗོངས་ཀྱི་སྨན་དོན་མི་སྣའི་ཤེས་བྱའི་ཆུ་ཚད་དང་བཀོལ་སྤྱོད་ནུས་པ་ཕྱོགས་ཡོངས་ནས་གསོ་སྦྱོང་དང་ཆེ་རུ་བཏང་སྟེ་རང་ལྗོངས་སུ“འཇོན་ཐང་ཆེ་ཞིང་སྤྱོད་ཚུལ་ཡག་པའི”རིམས་འགོག་འགག་སྒྲོལ་གྱི་དཔུང་ཁག་ཅིག་བཏོད་པ། གནས་སྐབས་ཏང་ཨུད་དང་། ཏང་ཀྲི་པུའུ། ཏང་ཚོགས་ཆུང་བཅས་བཙུགས་ནས་བརྗོད་དོན་གཙོ་བོའི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་རིམས་འགོག་གི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་བསྐྲུན་ནས་རིམས་འགོག་གི་འཐབ་ས་མདུན་མར་ཏང་དར་ནམ་ཡང་ལྷབ་ལྷུབ་ཏུ་གཡོ་བར་བཅས་བྱས་ཡོད།
“རིམས་འགོག་རིང་། རོགས་སྐྱོར་དཔུང་ཁག་ཁྲོད་དུ་དགའ་སྐྱོ་གཉིས་ལྡན་གྱི་མི་སེམས་འགུལ་བའི་སྔོན་ཐོན་དཔེ་བཟང་མང་པོ་ཞིག་ཐོན་ཡོད། སྨན་བཅོས་རུ་མི་ཚོའི་བྱམས་སེམས་དང་། སྒེར་སེམས་མེད་པའི་རོགས་སྐྱོར། དཀའ་སྤྱད་ལེགས་འབུལ་བཅས་ལས་མི་ཡུལ་གྱི་བརྩེ་བ་ཆེན་པོ་མཚོན་པ་མ་ཟད། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཟིགས་སྐྱོང་དང་ཐུགས་ཁུར་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་མངོན་གསལ་དོད་པའི་ལེགས་ཆ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་ལེགས་ཆ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མཐུན་སྒྲིལ་ཆེན་མོ་དང་བརྩེ་སེམས་ཟབ་མོ་བཅས་ཚོར་བྱུང་བས། བོད་ཀྱི་མི་དམངས་ཚོས་ནམ་ཡང་སེམས་ལ་བརྟན་པོར་ངེས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ཀུའོ་ལུའོ་ཡིས་བརྗོད།
ཀུའོ་ལུའོ་ཡིས་ད་དུང་རིམས་ནད་སྔོན་འགོག་དང་ཚོད་འཛིན་རིང་། སྨན་དོན་མི་སྣའི་ལས་འགན་ལྕི་བའི་ཁར་རིམས་ནད་འགོ་བའི་ཉེན་ཁ་ཆེ་བ་དང་། ལས་ཀ་དང་ངལ་གསོའི་ཆ་རྐྱེན་དེ་ཙམ་ཡག་པོ་མེད་པ། བསམ་པའི་གནོན་ཤུགས་ཆེ་བ་སོགས་ཀྱི་དཀའ་ངལ་འཕྲད་ཡོད། ང་ཚོས་སྨན་དོན་མི་སྣར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་སྲིད་ཇུས་ཁག་དོན་འཁྱོལ་བྱེད་མགྱོགས་སུ་བཏང་ནས་ཞབས་ཞུ་འགན་ལེན་ཡག་པོ་བྱེད་པ་དང་སེམས་ནུས་ཡོད་རྒུ་བཏོན་ནས་བོད་སྐྱོར་སྨན་བཅོས་རུ་མིའི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་བསལ་ཏེ་བཀའ་དྲིན་ཆེ་ཞེས་ཞུ་ལུགས་མཚོན་པར་བྱེད་ཀྱི་ཡིན་ཞེས་བརྗོད།