དབུ་ཤོག>ཆེད་སྒྲིག
  • མི་མང་པོས་ཁང་བདག་འདི་དག་ལ་བསྟོད་པའི་མཐེ་བོང་སྒྲེང་གིན་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-29

     གློ་བུར་དུ་ཐོན་པའི་རིམས་ནད་ཀྱིས་མི་རྣམས་ག་བྱེད་འདི་བྱེད་མེད་པར་གྱུར་ཀྱང་། བསམ་ཡུལ་ལས་འདས་པའི་དྲོ་སྐྱིད་སྦྱིན་མཁན་མང་དག་ཅིག་ཡོད་དེ། ཉེ་ཆར། ལྷ་སར“ཁང་བདག་ཡག་པོ”མི་ཉུང་བ་ཞིག་གིས་དེ་ལྟ་བུའི་དྲོ་སྐྱིད་སྦྱིན་པའི་ལས་ལ་ཧུར་ཐག་གཞོལ་བཞིན་ཡོད། 

    “ཁང་བདག་ཡག་ཤོས”བསོད་སྒྲོལ།

      གླིང་ཕྲན་གཉིས་སུ“ཁང་བདག་ཡག་ཤོས”འདི་འདྲ་ཞིག་ཡོད་ཅིང་། ཁོང་གིས་དེ་གར་དང་བླངས་པ་བྱས་པ་མ་ཟད། ད་དུང་ཁོང་གི་ཁང་པ་གླ་མཁན་མང་པོ་ཞིག་གི་བཟའ་བཏུང་འགན་ལེན་བྱས་ནས། ཁོ་ཚོར་གྲོང་ཁྱེར་འདིའི་དྲོ་སྐྱིད་ཚོར་བར་བྱས་ཡོད། ཁོང་ནི་གླིང་ཕྲན་གཉིས་ཁོངས་གཏོགས་ཁུལ་གྱི་བསོད་ནམས་བསྟན་འཛིན་ལ་ཁང་པ་གཡར་མཁན“ཁང་བདག་ཡག་ཤོས”བསོད་སྒྲོལ་རེད།

      རིམས་ནད་ཐོན་པ་ནས་བཟུང་། བསོད་སྒྲོལ་གྱིས་ཁོངས་གཏོགས་ཁུལ་གྱི་མངགས་གཏོང་ཁང་དང་། ཁྲོམ་གཞུང་། གྲོང་མི་ཨུ་ལྷན་བཅས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྲིད་ཇུས་ལ་གཞོགས་འདེགས་ཧུར་ཐག་བྱས་པ་དང་། ཉིན་ལྟར་ཁོར་ཡུག་ལ་དུག་སེལ་བྱེད་པ་ཁོང་གི་རྒྱུན་གཏན་གྱི་ལས་ཀར་གྱུར་ཅིང་། ཁོང་གིས་རྒྱབ་ཏུ་དུག་སེལ་ཆུ་སྣོད་ཁྱེར་ཏེ་ཁུག་ཆ་གཅིག་ཀྱང་མ་ལུས་པར་དུག་སེལ་ཡང་ཡང་བྱེད་ཀྱི་ཡོད། གཞན་ཡང་། ཁོང་གིས་ཁང་པ་གླ་མཁན་མང་པོ་ཞིག་ལ་ཁ་ལག་བཟོ་བའི་གོམས་གཤིས་མེད་པ་ཤེས་འཕྲལ། རང་ཉིད་ཀྱིས་འགྲོ་སོང་བཏང་སྟེ། ལས་ཀའི་ཞོར་དུ་ཁོ་ཚོར་ཁ་ལག་བཟོས་ནས་ཁོ་ཚོའི་བཟའ་བཏུང་འགན་ལེན་བྱས་པ་རེད།

    640 (3).png

    སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་ནས་ཁང་གླ་ཆག་ཡང་དང་རྩ་ཆག་བཏང་བ།

      རིམས་ནད་ཐོན་རིང་། གྲྭ་བཞི་སྡེ་ཁུལ་དུ་སེམས་རྩ་འཁོལ་བའི་ཁང་བདག་ཁག་གཅིག་ཐོན་ཞིང་། ཁོ་ཚོས་རང་འགུལ་ངང་ཁང་གླ་བཅག་སྟེ། ཁང་པ་གླ་མཁན་གྱི་ཁང་གླའི་ཁུར་པོ་ཡང་དུ་བཏང་བ་རེད། 

      ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་བའི་གནས་ཚུལ་ཤེས་རྗེས། གྲྭ་བཞི་སྡེ་ཁུལ་གྱི་ཇ་ཁང་ཞིག་གི་སྦྱིན་བདག་སྐལ་བཟང་ཆོས་སྒྲོན་ཧ་ཅང་དགའ་པོ་བྱུང་ནས། ཁོང་གིས་གསར་འགོད་པར“རིམས་ནད་ཐོན་པའི་རྐྱེན་གྱིས་ཇ་ཁང་ལ་ཡོང་འབབ་མེད་པས། དཔལ་འབྱོར་གྱི་ཁུར་པོ་ལྕི་པོ་འདུག ཁང་བདག་གིས་ཁང་གླ་ཆག་ཡང་དང་རྩ་ཆག་བཏང་བ་དེ་ནི་ངོ་མ་དུས་ཐོག་ཆར་པ་རང་རེད”ཅེས་བཤད།

    640 (4).png

    ཁང་བདག་བཀྲ་ཤིས་གྲོང་མིའི་དགོས་མཁོ་འདྲི་བར་སྐྱོད་བཞིན་པ།

      ཁང་བདག་བཀྲ་ཤིས་ཀྱིས“རིམས་འགོག་གི་འགག་རྩའི་དུས་སྐབས་སུ། ང་ཚོས་སྲིད་གཞུང་གི་འབོད་སྐུལ་དང་ལེན་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་བསྒྲུབས་ཏེ། ངའི་ཁང་པ་གླ་མཁན་ཚང་མར་ཟླ་གཅིག་རིང་གི་ཁང་གླ་ཆག་ཡང་དང་རྩ་ཆག་བཏང་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ནུས་པས་ལྕོགས་ཚོད་ཀྱིས་ལེགས་སྐྱེས་འབུལ་གྱི་ཡིན”ཅེས་བཤད།

    “རིམས་ནད་མཇུག་མ་འགྲིལ་བར་ང་ཚོས་ཁང་གླ་ལེན་གྱི་མིན”

      ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི“ཁང་བདག་ཡག་པོ”འཇིགས་མེད་རྡོ་རྗེས་རང་འགུལ་ངང་ཁང་གླ་མ་བླངས་པ་མ་ཟད། ད་དུང་ཚལ་རིགས་སོགས་འཚོ་བའི་དངོས་ཟོག་འབོར་ཆེན་ཞལ་འདེབས་བརྒྱབ་པ་རེད།

      རིམས་ནད་ལ་སྙིང་རྗེ་མེད་ཀྱང་མི་ཡུལ་དུ་བརྩེ་བས་ཁེངས། ལྷ་ས་གྲོང་ཁྱེར་དུ་གོང་འོག་ཚང་མས་ཀུན་སེམས་གཅིག་སྒྲིལ་གྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་དུས་སུ། མི་ཁག་གཅིག་གིས་འཐབ་ས་དང་པོར་སྐྱོད་པ་དང་། ཁག་གཅིག་གིས་སྐད་གྲགས་མེད་པར་སྡོད་བྱ་བྱེད་པ། ཁག་གཅིག་གིས་བརྩེ་བ་ཟབ་མོས་ཁང་གླ་མི་ལེན་པ་ལ་སོགས་བྱེད་ཐབས་མི་འདྲ་བར་བརྟེན་ནས། ཚང་མས་རིམས་འགོག་ལ་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་བཞིན་ཡོད། ཚང་མས་ཕྱར་བ་གྲུ་འདེགས་བྱས་ཚེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་འདིར་རྒྱལ་ཁ་འཐོབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།