འདི་ནི་བསམ་གྲུབ་རྩེ་ཆུས་ཀྱི་གྲོང་མིས་སྒོ་རྩིས་ཚོང་ཁང་དུ་ཅ་ལག་ཉོ་བཞིན་པ།
འདི་ནི་བསམ་གྲུབ་རྩེ་ཆུས་ཀྱི་གྲོང་མིས་སྐྲ་ཁང་དུ་སྐྲ་བཞར་བཞིན་པ།
འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་9ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་25ཉིན་གྱི་ཆུ་ཚོད་བརྒྱད་པ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་ཁག་བགོས་ལག་བསྟར་དང་གཟབ་ནན་སྐུལ་འདེད་ཀྱི་རྩ་དོན་གཞིར་བཟུང་རིམ་བཞིན་ཚོང་ཁྲོམ་བསྐྱར་ཚུགས་བྱས་ཡོད། དེའི་ནང་ཁག་དང་པོའི་ཁུལ་ཆུང་21གོ་རིམ་ལྡན་པའི་ངང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱུང་ནས་ཁག་དང་པོའི་ཚོང་ཁང་39དང་། སྨན་རྫས་ཚོང་ཁང་དང་སྨན་བཅོས་ཁང་16 མ་བུའི་མཁོ་ཆས་ཚོང་ཁང་6 སྐྲ་ཁང་10བཅས་ཚོང་ཁྲོམ་ཡང་བསྐྱར་བཏོན་པ་རེད།
“ཉིང་སྐྱུར་བརྟག་དཔྱད་སྙན་ཞུ་སྟོན་རོགས”ཉིན་དེའི་སྔ་དྲོའི་ཆུ་ཚོད་10པ་ཙམ་ལ་གཞིས་རྩེ་གྲོང་ཁྱེར་དབང་ཅཱ་ཧྥུའུ་སྒོ་རྩིས་ཚོང་ཁང་དུ་དངོས་ཟོག་ཉོ་བར་ཡོང་མཁན་གྲོང་མིས་ལས་དོན་མི་སྣའི་ཁྲིད་སྟོན་འོག་བདེ་ཐང་བཤེར་རྟགས་བཤེར་བ་དང་། ཚ་བ་ལྟ་བ། ཉིང་སྐྱུར་བརྟག་དཔྱད་སྙན་ཞུ་ལྟ་བཤེར་སོགས་ཀྱི་ལྷུ་ཚིགས་བརྒྱུད་རྗེས། མི་ཚོས་གོ་རིམ་བཞིན་སྒོ་རྩིས་ཚོང་ཁང་ནང་འཛུལ་ནས་དངོས་ཟོག་འདྲ་མིན་སྣ་ཚོགས་ཁྲོད་རང་མཁོའི་ཚོང་ཟོག་ཉོ་བའི་སྤྲོ་སྣང་ཉམས་སུ་མྱོང་བཞིན་འདུག
“ལོགས་སུ་འཇོག་སྐབས་ཟ་བཏུང་ལ་འགན་ལེན་བྱེད་མཁན་ཡོད་རུང་འཚོ་བའི་མཁོ་ཆས་རྫོགས་གྲབས་འདུག་པས་ཚོང་ཁང་ལ་ཉོ་བར་ཡོང་བ་ཡིན། དེའི་ཞོར་ལ་ཤིང་ཏོག་ཁ་ཤས་ཉོ་རྩིས་ཡོད”ཅེས་གྲོང་མི་ལིའུ་ཀོང་ཝུན་གྱིས་བརྗོད་བྱུང་།
“ནང་མི་ཚོས་ལ་ཕིང་བཟའ་འདོད་བྱེད་པས་སྲན་མ་དང་ཕིང་རྩམ་ཉོ་བར་ཡོང་བ་ཡིན” གྲོང་མི་ཁྲེན་ཤེའུ་ལིན་སྒོ་རྩིས་ཚོང་ཁང་དུ་འཛུལ་ནས་ཚལ་རིགས་ཉོས་ཏེ་ཁྱིམ་དུ་གཡོས་སྦྱོར་ལག་ཤེས་ངོམ་རྩིས་ཡོད་པ་འདྲ།
ཞོགས་སྔ་པོ་ནས་གཙང་ལུང་ཐང་ཆེན་དུས་ཐེངས་གཉིས་པའི་ཁུལ་ཆུང་དུ་སྡོད་མཁན་ཝང་ཅ་ལིན་ཐོག་ཁང་འོག་གི་སྐྲ་ཁང་དུ་འོང་། གནས་ཡུལ་བཤེར་རྟགས་བཤེར་རྗེས། ལས་མིས་ཁོང་གི་ཆུ་ཚོད་48རིང་གི་ཉིང་སྐྱུར་བརྟག་དཔྱད་སྙན་ཞུར་ནན་ཏན་ངང་བཤེར་བ་དང་ཆབས་ཅིག་ཁོང་ལ་སྣེ་ལེན་ཞུས་ནས་སྐྲ་བཀྲུས་ཏེ་བཞར་བ་རེད། སྐྲ་ཁང་གི་སྐྲ་བཞར་བ་ཀྲང་ཅ་ཧུང་གིས“ང་ཚོ་སྒོ་ཕྱེ་ནས་ཡུན་རིང་མ་སོང་བར་སྐུ་མགྲོན་བདུན་བརྒྱད་སླེབས་སོང་། ང་ཚོས་སྐུ་མགྲོན་རྣམས་ལོགས་སུ་སྡོད་དུ་བཅུག་པ་ཡིན། དེ་ལྟར་བྱས་ན་མི་སྣ་འདུ་འཛོམས་བྱེད་མི་སྲིད”ཅེས་བརྗོད་བྱུང་།
“ངས་སྐད་འཕྲིན་གྲོགས་ཚོགས་བརྒྱུད་ནས་ཁོང་ཚོ་སྒོ་ཕྱེ་བ་ཤེས་བྱུང་། དེར་བརྟེན་ངས་ཞོགས་སྔ་པོ་ནས་ཡོང་བ་ཡིན། སྐྲ་བཞར་རྗེས་ལམ་སེང་གྲུང་ཤ་དོད་དུ་སོང་བའི་ཚོར་སྣང་ཞིག་འདུག”ཅེས་ཝང་ཅ་ལིན་གྱིས་བརྗོད་བྱུང་།
བཀག་རྒྱ་གློད་ཀྱང་འགོག་ཟོན་ལྷོད་མི་རུང་ཞིང་། བླང་བྱ་གཞིར་བཟུང་། བསམ་གྲུབ་རྩེ་ཆུས་ཀྱི་ཚོང་ཁྲོམ་བསྐྱར་ཚུགས་བྱས་པའི་ཚོང་གཉེར་བྱ་ཡུལ་ཚང་མར་གནས་ཡུལ་བཤེར་རྟགས་སྦྱོར་དགོས་པ་དང་། ཚ་བ་ལྟ་ཆས་སྒྲིག་སྦྱོར་དང་དེ་བཞིན་ཉུང་མཐར་ཡང་ཉིན་བདུན་སྤྱོད་ཐུབ་པའི་དུག་སེལ་སྨན་ཆུ་དང་། སྨན་སྤྱོད་ཁ་རས། ལག་འཁྲུད་དག་ཁུ་སོགས་དགོས་ངེས་ཀྱི་རིམས་འགོག་དངོས་ཟོག་བཀོད་སྒྲིག་དང་ཆེད་བསྐོས་མི་སྣ་བཀོད་སྒྲིག་བྱས་ནས“བཤེར་གཅིག་བརྟག་གཅིག་དཔྱད་ཞིབ་གསུམ”(གནས་ཡུལ་བཤེར་རྟགས་བཤེར་བ་དང་། ཚ་བ་ལྟ་བ། གནས་སྐབས་འགྲོ་འོང་ལག་ཁྱེར་ཞིབ་བཤེར། བོད་ལྗོངས་ཤར་བགྲོད་བཤེར་རྟགས་ལྗང་ཁུ་བཤེར་བ། ཆུ་ཚོད་48ནང་ཚུན་གྱི་ཉིང་སྐྱུར་སྲིབས་གཤིས་དཔང་ཡིག་བཤེར་བ་བཅས་ཡིན་པ)གྱི་བྱ་ཐབས་དོན་འཁྱོལ་བྱས་ཡོད། དེ་དང་ཆབས་ཅིག་བསམ་གྲུབ་རྩེ་ཆུས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བཀོད་འདོམས་པུའི་ལས་དོན་མི་སྣས་སྔར་བཞིན་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྩ་བ་དེ་དམ་པོར་བཟུང་ནས་ཚོང་ཁྲོམ་བསྐྱར་ཚུགས་ཀྱི་ཁྲོམ་རའི་བྱེད་པོ་ཁག་དང་པོར་རེ་རེ་བཞིན་ལྟ་སྐུལ་མཛུབ་ཁྲིད་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད། ཕྱིར་སྐྱོད་ཆ་རྐྱེན་དང་འཚམ་པའི་ཁུལ་ཆུང་གི་གྲོང་མིར། མིག་སྔར་བསམ་གྲུབ་རྩེ་ཆུས་ཀྱིས“དགོས་ངེས་མིན་ཚེ་ཁུལ་ཆུང་ནས་ཕྱིར་མི་སྐྱོད་པ”དར་སྤེལ་བཏང་སྟེ་དྲ་ཐོག་ནས་ཉོ་སྒྲུབ་དང་དྲ་ཕྱི་ནས་སྡེབ་སྐྱེལ་བྱེད་པའི་ཉོ་སྒྲུབ་བྱ་ཐབས་སྤྱད་ཡོད། ངེས་པར་དུ་ཁུལ་ཆུང་ནས་དོན་དགོས་པའི་གྲོང་མིས་ཁུལ་ཆུང་གི་ཞབས་ཞུའི་ས་ཚིགས་སུ་གཅིག་གྱུར་ངང་གནས་སྐབས་འགྲོ་འོང་ལག་ཁྱེར་གཉེར་དགོས་ཤིང་། ལག་ཁྱེར་གཉེར་རྗེས་དུད་ཚང་རེ་ནས་མི་རེ་དང་ཉིན་གཉིས་ལ་ཐེངས་རེ་སྐྱོད་ཆོག་པ་དང་། འགྲོ་འོང་ལག་ཁྱེར་འཁྱེར་ནས་དུས་བཀག་ལྟར་འགྲོ་འོང་བྱེད་དགོས་པ། མི་གཅིག་གིས་མ་གཏོགས་སྤྱོད་རྒྱུ་མེད་པ་དང་སྤྱད་རྗེས་བསྡུ་གི་ཡོད། དེ་དང་ཆབས་ཅིག་ཕྱིར་སྐྱོད་ཡུལ་མིས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རིམས་འགོག་བྱ་ཐབས་ཁག་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་མགྲོན་ལ་མི་འགྲོ་བ་དང་། གང་སར་མི་འཁྱམ་པ། འདུ་འཛོམས་མི་བྱེད་པ། གཞན་ལ་ཅ་ལག་ཉོ་རོགས་མི་བྱེད་པ། དུས་བཀག་ལྟར་ཅ་ལག་ཉོས་ནས་ལམ་སེང་ནང་དུ་ལོག་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
གོམ་སྟབས་རྗེས་མར། བསམ་གྲུབ་རྩེ་ཆུས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མུ་མཐུད་སྤྱི་འདོམས་ཡག་པོ་བྱས་ཏེ་བརྟན་ལ་གོ་རིམ་ལྡན་པའི་སྒོ་ནས་ཚོང་ཁྲོམ་བསྐྱར་ཚུགས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཞིས་རྩེ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་སྡོམ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་གཙོ་གནད་འགན་ལེན་དང་། གཞི་རྩ་འགན་ལེན། དམངས་འཚོ་འགན་ལེན་བཅས་ཀྱི་ལས་ཀའི་རྩ་དོན་གཞིར་བཟུང་ཁག་ཐེངས་དབྱེ་བ་དང་། དུས་མཚམས་དབྱེ་བ། འཆར་གཞི་ལྡན་པ་བཅས་ཀྱི་སྒོ་ནས་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་དང་ཚོང་ཁྲོམ་བསྐྱར་ཚུགས་བྱ་རྩིས་ཡོད།