དབུ་ཤོག>ཆེད་སྒྲིག
  • རྒྱུས་མངའ་ཆེ་བའི་རྣམ་པ་རིམ་བཞིན་སླར་གསོ་ཡོང་བཞིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-26

    f10d6595-2da9-4ab1-98a5-611f17fd325c.jpg.jpg

    འདི་ནི་སྤུ་ཧྲེང་རྫོང་གི་ཁུལ་ཆུང་ཞིག་གི་གྲོང་མི་ཚོས་འགྲོ་འོང་ལག་ཁྱེར་བསྟན་ནས་ཕྱིར་དོན་བཞིན་པ།

    4df14481-cf4b-4cbc-b1a9-1a5aa2cf1f52.jpg.jpg

    འདི་ནི་སྤུ་ཧྲེང་རྫོང་གི་མང་ཚོགས་ཚོས་དངོས་ཟོག་ཉོ་བཞིན་པ།

    བདེ་ཐང་བཤེར་རྟགས་བཤེར་བ་དང་། ཐོ་འགོད་པ། དུག་སེལ་བྱེད་པ་བཅས་བྱེད་བཞིན་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་ཁུལ་ཆུང་ཞིག་གི་སྒོ་འགྲམ་དུ་ཞོགས་པ་སྔ་པོ་ནས་ཕྱིར་དོན་པའི་གྲོང་མི་མང་པོ་གཅིག་རྗེས་གཉིས་མཐུད་ངང་ཁུལ་ཆུང་དུ་ལོག་ཡོང་བ་གསར་འགོད་པས་མཐོང་བྱུང་།

    རིམས་འགོག་ས་ཚིགས་ཀྱི་ལས་དོན་མི་སྣ་ཕུར་བུ་བུ་ཁྲིད་ཀྱིས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་། ང་ཚོས་གྲོང་མི་ཚོར་འགྲོ་འོང་ལག་ཁྱེར་སྤྲད་དེ་དུས་ཚོད་གཏན་འཁེལ་བཟོས་ནས་ཉིན་ལྟར“དུད་ཚང་རེའི་མི་རེས་ལག་ཁྱེར་རེ་འཁྱེར་ཏེ་ཐེངས་རེ་དོན་པའི”ཚང་གཡོལ་ངང་འགྲོ་འོང་བྱེད་དུ་བཅུག་པ་དང་། ཉེ་འགྲམ་དུ་སྒོ་དབྱེའི་ས་ཚིགས་བདམས་ནས“རིམ་ལྡན་སྒོ་དབྱེ་དང་། ཚད་ཡོད་འཁོར་སྐྱོད། ལྟ་འདོམས་ནུས་ལྡན”བཅས་ཀྱི་བྱེད་ཐབས་སྤྱད་དེ་འཚོ་བའི་མཁོ་ཆས་ཉོ་བར་གཏོང་གི་ཡོད་ཅེས་ངོ་སྤྲོད་བྱས།

    མིག་སྔར་སྤུ་ཧྲེང་རྫོང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་སྤྱིར་ན་ཚོད་འཛིན་ཐུབ་ནས་བརྟན་པོའི་ངང་ལེགས་སུ་འགྲོ་བཞིན་ཡོད། ཉེ་ཆར་གསར་འགོད་པས་སྤུ་ཧྲེང་རྫོང་གྲོང་གི་གྲོང་མིའི་ཁུལ་ཆུང་དང་། ཞིང་ཟོག་ཁྲོམ་ར། སྒོ་རྩིས་ཚོང་ཁང་སོགས་སུ་བཅར་འདྲིར་སྐྱོད་སྐབས་མཐའ་མཚམས་རྫོང་གྲོང་དེས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་བྱེད་པའི་རྨང་གཞིའི་ཐོག་རྒྱུན་གཏན་འཚོ་བ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་བཞིན་པ་མཐོང་བྱུང་།

    གསར་འགོད་པ་ཚལ་ཉོ་བར་འགྲོ་མཁན་གྲོང་མི་ཞིག་དང་མཉམ་དུ་སྤུ་ཧྲེང་རྫོང་གི་ཞིང་ཟོག་ཁྲོམ་རར་སྐྱོད་སྐབས། ཚང་མས་རང་འགུལ་ངང་རིམས་འགོག་བླང་བྱ་ལྟར་ཁྲོམ་རར་འཛུལ་གྱི་ཡོད་པ་དང་གྲོང་མི་མང་པོ་ཞིག་དེའི་ནང་ཚལ་ཉོ་བཞིན་ཡོད་པ་མཐོང་བྱུང་། ཞིང་ཟོག་ཁྲོམ་རར་སྔོ་ཚལ་དང་ཤིང་འབྲས་སྣ་ཁ་འཛོམས་ལ། འབྲས་དང་། གྲོ་ཞིབ། བཟའ་སྣུམ་བཅས་ཀྱི་ཟོག་ཁུངས་འདང་ངེས་ཡོད་པ་མ་ཟད། མྱུར་ཟས་ཟོག་སྒྲོམ་ཐོག་ཏུའང་ཚོང་ཟོག་སྣ་ཚོགས་འདེམས་རྒྱུ་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རྒྱུན་གཏན་འཚོ་བ་སླར་གསོ་བྱུང་རྗེས་ཉོ་སྒྲུབ་འབོར་ཆེན་གྱི་དགོས་མཁོ་སྐོང་ཆེད། ཞིང་ཟོག་ཁྲོམ་རས་འཚོ་བའི་མཁོ་ཆས་ཧུར་ཐག་འཐེན་པ་དང་དངོས་ཟོག་འདང་ངེས་གྲབས་གསོག་བྱས་ཏེ་གྲོང་མིའི་ཉོ་སྒྲུབ་ཀྱི་དགོས་མཁོ་འགན་ལེན་ནུས་ལྡན་བྱས་ཡོད་པ་རེད།

    ཕྱིར་འཚོ་བའི་མཁོ་ཆོས་ཉོ་བར་བསྐྱོད་པ་ཕུད་མང་ཚོགས་འགའ་ཞིག་ད་དུང་ཞིང་ལས་དངུལ་ཁང་དུ་འཕྲལ་མཁོའི་མ་དངུལ་གྱི་ལས་སྒོ་གཉེར་བར་འགྲོ་གི་ཡོད་ཅིང་། ཞི་བདེ་གྲོང་ཚོའི་གྲོང་མི་ཉི་མ་ཚེ་རིང་གིས་རང་འགུལ་དངུལ་ལེན་འཕྲུལ་ཆས་ནས་དངུལ་འདོན་བཞིན“ང་ནམ་རྒྱུན་ནས་དངུལ་སྨར་སྤྱོད་རྒྱུར་གོམས་པས་དེ་རིང་ཆེད་མངགས་དངུལ་སྨར་ཏོག་ཙམ་འདོན་པར་ཡོང་བ་ཡིན”ཞེས་ཁོང་གིས་གཟབ་ནན་ངང་དངུལ་ཁང་གཱ་དང་དངུལ་སྨར་ཁུག་མའི་ནང་བླུགས་ཀྱིན་དེ་ལྟར་བཤད།

    “སྐུ་ཁམས་བཟང་། ཁྱོད་ཀྱི་མྱུར་སྐྱེལ་དངོས་རྫས་འབྱོར་སོང”ཞིང་ཟོག་ཁྲོམ་ར་དང་། སྒོ་རྩིས་ཚོང་ཁང་། སྐྲ་བཞར་ཁང་སོགས་དམངས་འཚོའི་ཞབས་ཞུ་བྱ་ཡུལ་གྱི་ཚོང་གཉེར་སླར་གསོ་བྱུང་བ་ཕུད། སྤུ་ཧྲེང་རྫོང་གི་མྱུར་སྐྱེལ་ཟོག་འགྲེམས་ལས་རིགས་ཀྱང་རིམ་བཞིན་སླར་གསོ་བྱུང་ཞིང་། སྤུ་ཧྲེང་རྫོང་སྦྲག་སྲིད་མཛོད་ཁང་དུ་མྱུར་སྐྱེལ་བས་ཅ་དངོས་ལ་གོ་རིམ་ལྡན་པའི་ངང་དུག་སེལ་དང་། དབྱེ་འབྱེད། སྡེབ་སྐྱེལ་བཅས་བྱེད་བཞིན་ཡོད་ལ། གྲོང་མིའི་ལག་ཏུ་གང་མགྱོགས་སྐྱེལ་རྒྱུའི་བརྩོན་ལེན་ཡང་བྱེད་བཞིན་ཡོད་པ་རེད།

    “ཁྱིམ་ནས་མ་དོན་པ”ནས“རིམ་བཞིན་དོན་པའི”བར་ཁྲོམ་གཞུང་དང་། མི་ཚོགས་འདུ་འཛོམས་ཁུལ། ཡུལ་སྲོལ་གོམས་གཤིས་སོགས་རྒྱུས་མངའ་ཆེ་བའི་སྤུ་ཧྲེང་གི་རྣམ་པ་མཐའ་དག་རིམ་བཞིན་སླར་གསོ་ཡོང་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།