དབུ་ཤོག>ཆེད་སྒྲིག
  • མཛེས་སྡུག་ལྡན་པའི་ས་མཐོའི་ལོ་ལེགས་ཀྱི་རྣམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-26

    9bcb32ae-8e11-4138-bedc-05f355eadbfb.jpg.jpg

    འདི་ནི་རྒྱལ་རྩེ་རྫོང་ར་སོག་ཤང་ནོར་ཁང་གྲོང་ཚོར་གྲོང་མིས་བཙས་འཁོར་ཆེ་གྲས་བཏང་སྟེ་བཙས་མ་རྔ་བཞིན་པ།

    7d419a9a-46dd-41e4-a51f-66411ca552f8.jpg.jpg

    འདི་ནི་ལྷུན་རྩེ་རྫོང་གི“ཤ་ཚལ་སྒོང་གསུམ”རྟེན་གཞིའི་དྲོད་ཁང་ནང་ཞིང་པས་སྔོ་ཚལ་ཤིས་ལན་ཧྭ་འཐུ་བཞིན་པ།

    57fbf47d-0d94-4bb4-8995-15f764ab13f0.jpg.jpg

    འདི་ནི་འཕྱོངས་རྒྱས་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་མཐོ་རིམ་ཞིང་ལས་ལག་རྩལ་པ་ཉི་མ་སྒྲོལ་དཀར་གྱིས་བོད་ནས་ཨང་2000གི་ས་བོན་ལ་ཞིབ་བཤེར་བྱེད་བཞིན་པ།

    ལོ་ལེགས་ནི་ལོ་ངོ་སྟོང་ཕྲག་རིང་གི་ཞིང་པ་ཚོའི་རེ་བ་ཆེ་ཤོས་ཡིན། ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐེངས་ལྔ་པ་དེ་བསུས་རྗེས། རང་ལྗོངས་ཀྱི་ས་གནས་ཁག་གི་ཞིང་འབྲོག་པ་མང་ཚོགས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་ནས་ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུ་བཞིན་ཡོད།

    མིག་སྔར་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་དེ་འགག་རྩའི་དུས་སྐབས་སུ་སླེབས་ཤིང་། ལྗོངས་ཡོངས་ཀྱི་ས་གནས་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས“ཞིང་གསུམ”ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། ཞིང་པ་མང་ཚོགས་རྣམས་ཞིང་ཁ་དང་། སྔོ་ཚལ་འདེབས་ས། ཤིང་འབྲས་ལྡུམ་ར། རྩྭ་ར་བཅས་སུ་བྲེལ་བཞིན་ཡོད་ལ། དང་བླངས་པ་ཚོས“སྟོད་གོས་དམར་པོ”གྱོན་ནས་བརྔ་བསྡུ་བྱེད་རོགས་བྱེད་ཀྱི་ཡོད་པ་རེད།

    ཟླ་དགུ་པ་ནི་འཕྱོངས་རྒྱས་ཀྱི་ནས་དང་། གྲོ ཞོག་ཁོག པད་ཁ། སྲན་མ་སོགས་ཞིང་ལས་སྐྱེ་དངོས་བརྔ་བསྡུ་བྱེད་པའི་དུས་ཚིགས་ཡིན་ལ་ཞིང་པ་བདེ་སྐྱིད་ཆེ་ཤོས་ཀྱི་་དུས་ཚིགས་ཤིག་ཀྱང་ཡིན།

    གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་བཀྲ་ཤིས་གྲོང་ཚོའི་ཞིང་ཁ་ནས། འབྲུ་རྡོག་གཅིག་རྐྱང་མ་ལུས་པ་གང་མགྱོགས་འབྲུ་མཛོད་ནང་བླུགས་ཐུབ་ཆེད། གྲོང་མི་ཚོ་ལ་ལ་སོན་ལེགས་འདེམས་བྱེད་པ་དང་། ལ་ལ་ཞིང་འཕྲུལ་བཀོལ་སྤྱོད་ལ་བྲེལ་བ། ལ་ལ་རྩྭ་རས་ནང་འབྲུ་བླུག་རྒྱུར་བྲེལ་བ་སོགས་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་པ་མཐོང་།

    “འདི་ལོ་ང་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས་སྟོན་བསྡུའི་ལས་དོན་ལ་དམ་འཛིན་བྱས་ནས་འབྲུ་རྡོག་གཅིག་ཀྱང་མ་ལུས་པ་འབྲུ་མཛོད་ནང་བླུགས་ཐུབ་པ་དང་ཐོན་འབབ་ཀྱང་ཡག་པོ་བྱུང་བས་ང་ཚོ་ཚང་མ་དགའ་པོ་འདུག”ཅེས་རྒྱལ་སྨན་ཤང་བཀྲ་ཤིས་གྲོང་ཚོའི་ཚོགས་ཆུང་གཉིས་པའི་གྲོང་མི་རྡོ་རྗེ་བཀྲ་ཤིས་ཀྱིས་དགའ་ཚོར་ཆེན་པོས་བཤད།

    འདི་ལོ་འཕྱོངས་རྒྱས་རྫོང་གི་སྤྱིའི་འདེབས་ཁྱོན་མུའུ་ཁྲི་2.74ཟིན་པའི་ནང་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་1.84དང་། དཔལ་འབྱོར་སྐྱེ་དངོས་འདེབས་ཁྱོན་མུའུ་ཁྲི་0.67 གཟན་རྩྭའི་འདེབས་ཁྱོན་མུའུ་ཁྲི་0.23 སོན་བཟང་མུའུ་ཁྲི་0.154བཅས་ཟིན་ནས་སྔོན་དཔག་བྱས་ན་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི་2293ཟིན་པ་དེ་2021ལོ་ལས་རྒྱ་མ་ཁྲི་19.37གྱིས་མང་བས་འཕྱོངས་རྒྱས་རྫོང་གི་ཞིང་ལས་ཐོན་སྐྱེད་ཀྱིས་སླར་ཡང་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་ཕུལ་ཡོད་པ་རེད།

    ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི་ཤ་ཚལ་སྒོང་གསུམ་རྟེན་གཞིའི་དྲོད་ཁང་ནང་གསར་འགོད་པས་ཞིང་པ་ཚོས་བྲེལ་བྲེལ་འཚུབ་འཚུབ་ངང་སྨིན་ཟིན་པའི་ཀོ་པིའི་ཚལ་དང་། སོ་ལོ་སྔོན་པོ། སྔོ་ཚལ་ཤིས་ལན་ཧྭ་སོགས་འཐུ་བཞིན་ཡོད་པ་མཐོང་།

    “ཤ་ཚལ་སྒོང་གསུམ་གྱི་རྟེན་གཞིར་ལོ་ཁ་ཤས་ནང་འདེབས་འཛུགས་དང་སློབ་སྦྱོང་བྱས་པ་བརྒྱུད་ང་ཚོས་སྔོ་ཚལ་འདེབས་འཛུགས་ཀྱི་ལག་རྩལ་ཁོང་དུ་ཆུད་པ་དང་། བཏབ་པའི་སྔོ་ཚལ་གྱི་སྤུས་ཀ་ལེགས་པས་བྲིན་ཁ་ཧ་ཅང་རྒྱུག་པོ་འདུག”ཅེས་རྟེན་གཞིའི་ཐོན་སྐྱེད་གཙོ་གཉེར་མཁན་ཆོས་འཕེལ་གྱིས་ངོ་གདོང་ལས་འཛུམ་མདངས་འཕྱུར་བཞིན་དེ་ལྟར་བཤད།

    ཤ་ཚལ་སྒོང་གསུམ་རྟེན་གཞིར་ལས་ཀ་བྱེད་མཁན་སློབ་གྲྭ་ཆེ་མོ་བ་བསོད་ནམས་སྒྲོལ་དཀར་གྱིས“དེ་རིང་ནི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཡིན་པས་ང་ཚོའི་སྔོ་ཚལ་ལ་ཡང་ལོ་ལེགས་བྱུང་ཡོད། སྔོ་ཚལ་དེ་དག་ཚང་མ་ང་ཚོའི‘ནོར་བུ’ལྟ་བུ་རེད”སླད་ཕྱིན་ངས་ཏང་གི་འབོད་སྐུལ་མུ་མཐུད་དང་ལེན་ཞུས་ནས་ཞིང་ལས་དེང་རབས་ཅན་གྱི་འགྲན་བསྡུར་ཆེ་མོའི་ནང་ཧུར་ཐག་ཞུགས་ཏེ་ལག་ལེན་དངོས་ཀྱི་སྦྱོང་བརྡར་བརྒྱུད། ལག་རྩལ་པ་ཚོ་དང་མཉམ་དུ་ཚན་རིག་དང་མཐུན་པའི་ངང་སྔོ་ཚལ་འདེབས་པའི་བསམ་ཕྱོགས་གསར་པ་རྒྱ་ཆེར་བཏང་སྟེ་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱ་རྒྱུ་ཡིན”ཞེས་བཤད།

    གཞིས་རྩེ་གྲོང་ཁྱེར་གྱི་ཤར་ལྷོའི་ཕྱོགས་ཀྱི་པ་སྣམ་རྫོང་ནི་ལྗོངས་ཕྱི་ནང་དུ་སྐད་གྲགས་ཆོད་པའི“ནས་ཀྱི་ཕ་ཡུལ”ཞིག་རེད། པ་སྣམ་རྫོང་གིས་སྟོན་བསྡུའི་འགན་ལེན་ལས་དོན་ཁག་རང་འགུལ་ངང་ཧུར་ཐག་བསྒྲུབས་ནས། འཕྲལ་དུ་ལས་དོན་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ་རྫོང་ཁོངས་ནང་གི་ཞིང་འཕྲུལ་གྱི་གྲངས་འབོར་ཞིབ་བཤེར་བྱས་ནས་ཞིང་ལས་འཕྲུལ་ཆས་ཀྱི་དགོས་མཁོ་དོ་སྙོམས་ཡོང་བ་བྱས་ཏེ། སྟོན་བསྡུའི་ཞིང་འཕྲུལ་ཡོ་བྱད་གོ་རིམ་ལྡན་པའི་ངང་སྒྲིག་སྦྱོར་བྱས་ཡོད། རིམ་རྩིས་ལྟར་ན། བརྔ་བསྡུ་འཕྲུལ་འཁོར་ཆེ་གྲས་33དང་ཞིང་འཕྲུལ་འབྲིང་ཆུང་ཁྲི་1.02སྒྲིག་སྦྱོར་བྱས་པ་དང་། ཞིང་འཕྲུལ་ལྷུ་ལག་ཁྲི་1.56ལྷག་ཙམ་མངགས་ཉོ་དང་གཏོང་འདྲེན་བྱས་པར་ཞིང་འཕྲུལ་ཡོ་བྱད་ནུས་ལྡན་ངང་སྤྱི་འདོམས་བཀོད་གཏོང་དང་ཚང་མ་བེད་སྤྱོད་ཐུབ་ཡོད། སྟོན་བསྡུའི་ཞིང་འཕྲུལ་ཡོ་བྱད་དང་སྣུམ་མཐུན་སྦྱོར་ཧུར་ཐག་བྱས་ནས་གཅིག་སྡུད་ཐོག་སྣུམ་བླུག་རྒྱུ་དང་སྒོ་རྩར་སྣུམ་སྐྱེལ་རྒྱུ་གཉིས་ཟུང་འབྲེལ་བྱས་ཏེ་རིམ་རྩིས་བྱས་ན་སྟོན་བསྡུའི་སྣུམ་ཀུང་ཧྲེང་ཁྲི་30ལྷག་ཙམ་མཁོ་འདོན་བྱས་པས་ཞིང་འཕྲུལ་མུ་མཐུད་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱུང་བ་རེད།

    པ་སྣམ་རྫོང་གི་སྟོན་བསྡུའི་དང་བླངས་ཞབས་ཞུ་རུ་ཁག་90ཡིས་ཀྱང་མགྱོགས་མྱུར་བྱ་སྤྱོད་སྤེལ་ཞིང་། དང་བླངས་པ་3100ལྷག་ཙམ་ཞིང་ནང་དང་མུ་ཁར་ལས་ལ་བྲེལ་ནས་ངལ་རྩོལ་ནུས་ཤུགས་མི་འདང་བའི་ཁྱིམ་ཚང་ལ་བརྔ་བསྡུ་བྱེད་རོགས་བྱས་པར་བརྔ་བསྡུའི་རྒྱ་ཁྱོན་མུའུ་3200ཟིན་ཡོད། མིག་སྔའི་བར་རྫོང་ཡོངས་ཀྱི་སྟོན་བསྡུའི་འབྲུ་རིགས་སྐྱེ་དངོས་རྒྱ་ཁྱོན་མུའུ་ཁྲི་8.29ཟིན་ནས་91.3%ལེགས་གྲུབ་ཟིན་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་ལྗོངས་ཡོངས་ཀྱི་རིམ་ཁག་ས་གནས་ཁག་གིས“ཞིང་གསུམ”ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་གལ་ཆེའི་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ་འབྲུ་རིགས་བདེ་འཇགས་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་ལས་ཀྱི་རྨང་གཞི་བརྟན་པོ་ཡོང་བ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་གྲོང་གསེབ་དེ་བས་འབྱོར་ཕྱུག་དང་། འཚོ་བ་དེ་བས་སྐྱིད་པ། གྲོང་གསེབ་དེ་བས་མཛེས་སྡུག་ལྡན་པ་བཅས་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། འདི་ལོ་རིམས་ནད་ཀྱི་མདུན་དུ་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སེམས་ཤུགས་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་ཀྱིས་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པའི་རྨང་གཞིའི་ཐོག“སྟོན་གསུམ”ལས་དོན་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་ཡག་པོ་བསྒྲུབས་ནས་འབྲུ་རྡོག་གཅིག་ཀྱང་མ་ལུས་པ་འབྲུ་མཛོད་ནང་འཇུག་ཐུབ་པའི་འགན་ལེན་བྱས་པ་རེད།

    རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་འབྲེལ་ཡོད་གྲངས་གཞི་ལས་མངོན་པར། མིག་སྔར་ལྗོངས་ཡོངས་ཀྱི་སྟོན་བསྡུའི་ལས་དོན་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ཅིང་། སྤྱིའི་འཕེལ་རིམ་ནི་བཅུ་ཆ་དྲུག་ལས་བརྒལ་བ་དང་དེའི་ནང་འབྲུ་རིགས་བརྔ་བསྡུའི་རྒྱ་ཁྱོན་ནི་བཅུ་ཆ་བདུན་ལས་བརྒལ་ཡོད། ཟླ་9ཚེས་18ཉིན་བར་ལྗོངས་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་རྒྱ་ཁྱོན་མུའུ་ཁྲི་266.43བརྔ་བསྡུ་བྱས་པ་དེས་འདེབས་ཁྱོན་བསྡོམས་འབོར་གྱི་66.08%བཟུང་བ་དེའི་ནང་འབྲུ་རིགས་བརྔ་བསྡུའི་རྒྱ་ཁྱོན་མུའུ་ཁྲི་211.1ཟིན་པ་དེས་འདེབས་ཁྱོན་གྱི་74.38%བཟུང་བ་དང་།(ནས་མུའུ་ཁྲི་160.22ཟིན་པ་དེས་འདེབས་ཁྱོན་གྱི་72.37%བཟུང་བ)སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་15.56ཟིན་པ་དེས་འདེབས་ཁྱོན་གྱི་38.85%བཟུང་བ། སྣུམ་རྒྱུ་མུའུ་ཁྲི་20.49%ཟིན་པ་དེས་འདེབས་ཁྱོན་གྱི་72.25%བཟུང་བ། གཟན་རྩྭ་མུའུ་ཁྲི་19.28ཟིན་པ་དེས་འདེབས་ཁྱོན་གྱི་37.86%བཟུང་བ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།