དབུ་ཤོག>ཆེད་སྒྲིག
  • བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཞེ་བདུན་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-26

    ཚེས་24ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཞེ་བདུན་པ་འཚོགས་ནས་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གནས་ཚུལ་གསར་ཤོས་བརྡ་ཁྱབ་བཏང་བ་དང་མངའ་རིས་ས་ཁུལ་གྱི་ལས་ཀ་དང་ཐོན་སྐྱེད་སླར་གསོ་དང་ཚོང་ཁྲོམ་སླར་གསོའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པ་སྲིད་གཞུང་གི་དྲུང་ཆེ་གཞོན་པ་བསྟན་འཛིན་ལྷུན་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་9ཚེས་23ཉིན་གྱི་ཆུ་ཚོད་0ནས་24བར་ལྗོངས་ཡོངས་སུ་ཏོག་གསར་གློ་ཚད་ཕོག་པའི་ཡུལ་དེ་རང་གི་གཏན་འཁེལ་ནད་པ་11(ལྷ་ས་གྲོང་ཁྱེར་ནས་སྙན་སེང་ཞུས་པ)མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་111(ལྷ་ས་གྲོང་ཁྱེར་ལ་104དང་། གཞིས་རྩེ་གྲོང་ཁྱེར་ལ་5 ཆབ་མདོ་གྲོང་ཁྱེར་ལ་1 ནག་ཆུ་གྲོང་ཁྱེར་ལ་1)མང་དུ་ཕྱིན་ཡོད་པ་རེད།

    ཟླ་9ཚེས་24ཉིན་གྱི་ཆུ་ཚོད་0ནས་14བར། ལྗོངས་ཡོངས་སུ་ཏོག་གསར་གློ་ཚད་ཕོག་པའི་ཡུལ་དེ་རང་གི་གཏན་འཁེལ་ནད་པ་5(ལྷ་ས་གྲོང་ཁྱེར་ནས་སྙན་སེང་ཞུས་པ)མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་48(ལྷ་ས་གྲོང་ཁྱེར་ལ་47དང་གཞིས་རྩེ་གྲོང་ཁྱེར་ལ་1)མང་དུ་ཕྱིན་ཡོད་པ་རེད།

    ཟླ་9ཚེས་23ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ཁྱོན་ཉེན་ཁ་ཆེ་བའི་ཁུལ་11དང་ཉེན་ཁ་འབྲིང་བའི་ཁུལ་65ཡོད་པ་རེད།

    ཟླ་9ཚེས་23ཉིན་ཏོག་གསར་ནད་དུག་འགོས་པ་122མང་དུ་ཕྱིན་པ་དེ་དག་ཚང་མ་ལོགས་བཀར་དོ་དམ་ཚོད་འཛིན་ཁུལ་ནས་ཤེས་རྟོགས་བྱུང་བ་ཤ་སྟག་ཡིན་པ་རེད།

    ཟླ་9ཚེས་23ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ནད་པ་3170དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ་དང་། ཐད་འབྲེལ་པ་67666ལ་གཅིག་སྡུད་ལོགས་བཀར་གྱི་ལྟ་ཞིབ་བྱེད་མཚམས་བཞག་པ་རེད། མིག་སྔར། མི་གྲངས་65495ལ་གཅིག་སྡུད་ལོགས་བཀར་གྱི་ལྟ་ཞིབ་བྱེད་བཞིན་ཡོད་པ་རེད།

    མངའ་རིས་ས་ཨུད་ཀྱི་ཨུ་ཡོན་དྲིལ་བསྒྲགས་པུའི་པུའུ་ཀྲང་ཀྲེང་ཡུང་གིས་ངོ་སྤྲོད་བྱས་དོན། མངའ་རིས་ས་ཁུལ་དུ་ཟླ་8ཚེས་26ཉིན་དང་ཟླ་9ཚེས་14ཉིན་སོ་སོར་སྤྱི་ཚོགས་ངོས་གཙང་བཟོ་དང་སྤྱི་ཚོགས་ངོས་སྐབས་བསྟུན་གཙང་བཟོ་ཐུབ་པ་ནས་བཟུང་། ཕྱོགས་གཅིག་ནས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་དཔལ་འབྱོར་འཕེལ་རྒྱས་ལ་དམ་འཛིན་མཐའ་འཁྱོངས་བྱས་ཏེ་ཁུལ་དབྱེ་དང་། རིམ་དབྱེ། རིགས་དབྱེའི་སྒོ་ནས་ལས་ཐོན་བསྐྱར་ཚུགས་ལ་སྐུལ་འདེད་གནད་སྨིན་བཏང་ཡོད། མིག་སྔའི་བར། སྤུ་ཧྲེང་གནམ་ཐང་དང་། ས་ཁུལ་རྟེན་རྫས་བཤམས་མཛོད་ཁང་། མངའ་རིས་ཀྱི“ཐཱན་མེད”འོད་གསོག་ཚ་གློག་དཔེ་སྟོན་རྣམ་གྲངས་སོགས་རྣམ་གྲངས་81ལས་འགོ་བསྐྱར་དུ་ཚུགས་པ་དང་འབྲེལ། ཉེ་དུས་ལས་ཐོན་བསྐྱར་ཚུགས་ཀྱི་རྣམ་གྲངས་ཁག་གཉིས་པ་101ལས་འགོ་འཛུགས་རྩིས་ཡོད། ཁེ་ལས་ལ་རོགས་སྐྱོར་དང་དཀའ་ངལ་སེལ་རོགས་བྱེད་པའི་ཐད། རོགས་སྐྱོར་བྱ་ཡུལ་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་བ་དང་། ལས་གནས་བརྟན་གཏོང་། ལས་ཞུགས་ལ་སྐུལ་འདེད་བཅས་ཀྱི་སྲིད་ཇུས་ཁག་དོན་འཁྱོལ་བྱས་ནས། ཨར་སྐྲུན་ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་ཀྱི་དགོས་མཁོ་དང་དེ་གར་ལུས་པའི་ལས་མིའི་ལས་ཞུགས་འདོད་མོས་གསེད་བཀྲོལ་ནན་ཏན་བྱས་ཏེ་མང་ཚོགས་200ལྷག་ཙམ་ཐག་ཉེ་སར་ལས་ཞུགས་ཐུབ་པར་རོགས་རམ་དང་ཁྲིད་སྟོན་བྱས་པ་དང་། སྐྱེལ་འདྲེན་རླངས་འཁོར་ཐེངས་71མཐུན་སྦྱོར་དང་ཐག་གཅོད་བྱས་པ། ཕྱི་ནས་གླ་པར་ཡོང་མཁན་ས་གནས་ཀྱི་འཛུགས་སྐྲུན་ནང་ཞུགས་རྒྱུའི་སྒྲིག་འཛུགས་བྱས་པ། ཨར་སྐྲུན་ཁེ་ལས་ཀྱིས་ཨར་སྐྲུན་རྒྱུ་ཆ་ཉོ་བ་དང་མི་སྣ་སྒྱུར་སྐྱེལ་བྱེད་པའི་བརྒྱུད་རིམ་གྱི་གནད་དོན་དང་དཀའ་ངལ་མཐུན་སྦྱོར་དང་ཐག་གཅོད་ཧུར་ཐག་བྱས་པ། ནུས་ཤུགས་ཡོད་རྒུས་ཁེ་ལས་དཀའ་གནད་ལས་སྒྲོལ་རོགས་བྱས་ནས་ཐོན་སྐྱེད་གང་མགྱོགས་སླར་གསོ་ཐུབ་པ་བྱས་ཡོད། རྣམ་གྲངས་ཀྱི་རྒྱུ་རྐྱེན་གཙོ་བོ་འགན་ལེན་བྱེད་པའི་ཐད། མ་དངུལ་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་ཁེ་ལས་ཀྱི་མ་དངུལ་གནོན་ཤུགས་ཆུང་དུ་བཏང་བ་དང་རྣམ་གྲངས་ཀྱི་མ་འཇོག་འཆར་གཞི་དུས་ཐོག་ཏུ་གཤམ་སྤྲོད་བྱས་ཤིང་། རིམས་ནད་ཐོན་པ་ནས་བཟུང་མ་དངུལ་སྒོར་དུང་ཕྱུར་2.8གཤམ་སྤྲོད་བྱས་པ་དང་། རྣམ་གྲངས་མཉམ་བཤེར་མཆན་འགོད་དང་དྲ་ཐོག་གི་དཔྱད་དཔོག་བློ་འདྲི་མངོན་འགྱུར་ཡོང་བ་བྱས་ནས་ཞིབ་མཆན་གྱི་དོན་ཚན་ཉུང་དུ་གཏོང་བ་དང་། ཞིབ་མཆན་གྱི་ལྷུ་ཚིགས་ཉུང་དུ་གཏོང་བ། ལས་དོན་སྒྲུབ་པའི་དཔྱད་ཡིག་ཁུ་བསྡུ་བྱེད་པ། སྒྲུབ་གཉེར་དུས་ཚད་ཐུང་དུ་གཏོང་བ་བཅས་བྱས་པ། ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་ནུས་རྒྱུའི་དངོས་ཟོག་མཁོ་སྤྲོད་འགན་ལེན་གྱི་རླངས་འཁོར་ཤར་བགྲོད་ཀྱི་ཞིབ་མཆན་ལས་དོན་ཡག་པོ་བསྒྲུབས་ཤིང་། མིག་སྔའི་བར་གློག་རྡུལ་ལམ་ཡིག་462ལ་ཞིབ་མཆན་སྤྲད་ཡོད་པ་རེད།

    ཀྲེང་ཡུང་གིས་ད་དུང་། མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་ཐོག་མཐའ་བར་གསུམ་དུ་ཁྲོམ་རའི་བྱེད་པོ་རྣམས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སླར་གསོ་ཡོང་བའི“སྔོན་ཇུས”ལ་བརྩིས་ནས་ལས་ཀའི་ཆེད་བསྐོས་ཚོགས་ཆུང་བཙུགས་པ་བརྒྱུད། ལས་བྱེད་པ་འདེམས་མངགས་ཀྱིས་ཁྲོམ་གཞུང་དང་ཚོང་ཁང་འགན་གཙང་བླངས་ཏེ་འཐབ་ས་མདུན་མར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྤེལ་བ་དང་། མཁོ་སྤྲོད་འཁོར་འབྲེལ་གྱི་འགག་ས་དང་དཀའ་ས་བསལ་ནས་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བའི་འབྲེལ་ཡོད་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་སྟེ་ཚོང་ཁྲོམ་བསྐྱར་ཚུགས་ཀྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། “གོ་རིམ་ལྡན་པའི་ངང་སླར་གསོ་དང་། སྒོ་འབྱེད་ཐུབ་རིགས་ཚང་མ་སྒོ་འབྱེད་པ། སྒོ་འབྱེད་དགོས་རིགས་ཚང་མ་འབྱེད་པ”བཅས་ཀྱི་རྩ་དོན་ལ་གཞིགས་ཏེ། མངའ་རིས་ས་ཁུལ་གྱིས་ཁག་ཐེངས་གསུམ་ལ་ཕྱེ་ནས་ཚོང་ཁྲོམ་བསྐྱར་ཚུགས་བྱས་ཤིང་། མིག་སྔར་ཁག་དང་པོ་དང་གཉིས་པའི་ཚོང་ཁྲོམ་བསྐྱར་ཚུགས་ཀྱི་ཚོང་ཁྲོམ་1100ལྷག་ཙམ་ཟིན་པ་དང་། ཁག་གསུམ་པའི་ཚོང་ཁྲོམ་ཁྱོན་ཡོངས་ནས་བསྐྱར་དུ་ཚུགས་བཞིན་ཡོད་པས། ཁྲོམ་རར་རིམ་བཞིན་གསོན་ཤུགས་རྒྱས་པ་དང་། མི་དམངས་མང་ཚོགས་ཀྱི་ཉོ་དཀའ་བ་དང་འཚོང་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་སྟེ་གྲོང་ཁྱེར་དུ་འཚོ་བའི་རྣམ་པ་རིམ་བཞིན་སླར་གསོ་ཡོང་གི་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།