དབུ་ཤོག>ཆེད་སྒྲིག
  • འབྲུ་སྣུམ་ཤ་ཚལ་གྱི་རིན་གོང་དང་བོད་ནས་འགྲོ་མཁན་སོཌ་ཀྱི་གནད་དོན་ཐད

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-22

        ཟླ་9ཚེས་20ཉིན། ལྷ་ས་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཅུ་བཞི་པ་འཚོགས་པ་རེད།

    640.png

    གསར་འགྱུར་མགྲིན་ཚབ་པ་ཀྲང་ཞའོ་ཀོང་གིས་ངོ་སྤྲོད་བྱས་པར་གཞིགས་ན།  གྲོང་མི་མང་ཚོགས་དང་དེ་གར་ལུས་པའི་མིས་དོ་ཁུར་བྱེད་པའི་བོད་ནས་འགྲོ་བའི་གནད་དོན་ལ་དམིགས་ནས། དེ་རིང་བོད་རང་སྐྱོང་ལྗོངས་རིམས་འགོག་གཞུང་ལས་ཁང་གིས་བརྡ་ཐོ་བཏང་སྟེ། བོད་ནས་འགྲོ་སྐབས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཚད་གཞི་ལག་བསྟར་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་སྟེ།2022ལོའི་ཟླ་9ཚེས་22ཉིན་གྱི་ཆུ་ཚོད་12པ་ནས་བཟུང་། སྲིབ་གཤིས་སུ་གྱུར་མེད་པའི་གདགས་གཤིས་ཅན་གྱི་ནད་པའམ་འབྲེལ་ཐུག་དམ་ཟབ་བྱུང་བའི་མི་དང་འབྲེལ་ཐུག་བྱུང་བ་དང་། ཉེན་ཁ་ཆེ་འབྲིང་ཁུལ་དུ་ལུས་པའི་མི།  སྨན་ཁང(སྒྲོམ་ཚང)ནས་དོན་རྗེས་ཉིན་བདུན་གྱི་ཁྱིམ་དུ་བསྡད་ནས་བདེ་ཐང་ལྟ་ཞིབ་བྱེད་པའི་དུས་ཡུན་ཐིམ་མེད་པའི་མི། རིམས་ནད་ཐོན་ཁུལ་དང་འབྲེལ་བ་ཡོད་པའི་མི་སོགས་ཉེན་ཁ་ཡོད་པའི་མི་གནས་སྐབས་བོད་ནས་འགྲོ་མི་ཆོག བོད་ནས་འགྲོ་བའི་ཆ་རྐྱེན་དང་མཐུན་པའི་མིས་རང་གནས་སའི་སྡེ་ཁུལ་ལ་དགོངས་སྐོར་སྙན་སེང་ཞུ་དགོས་པ་དང་། སྡེ་ཁུལ་གྱི་དོ་དམ་འོག་བོད་ནས་མ་བསྐྱོད་གོང་ཉིན་5ཡི་ནང་ཉིང་སྐྱུར་བརྟག་དཔྱད་ཐེངས་གསུམ་བྱེད་དགོས། ཉིན་5བསྟུད་མར་ཁྱིམ་དུ་བསྡད་ནས་བདེ་ཐང་ལ་ལྟ་ཞིབ་བྱེད་དགོས་པ་མ་ཟད། ཉིན་1པོ་དང་། 3པ། 5པ་བཅས་སུ་ཉིང་སྐྱུར་བརྟག་དཔྱད་ཐེངས་རེ་བྱེད་དགོས། (ཉིང་སྐྱུར་བརྟག་དཔྱད་མཇུག་ཤོས་ཀྱི་དུས་ཚོད་བོད་ནས་མ་བསྐྱོད་གོང་གི་ཆུ་ཚོད་24ཡི་ནང་ཚུན་ཡིན་དགོས) བརྟག་དཔྱད་བྱས་འབྲས་ཚང་མ་སྲིབ་གཤིས་ཡིན་དགོས།  “གནས་དང་གནས་འབྲེལ་གཏུག”བྱེད་པར་བརྟེན་ནས་གནམ་ཐང་དང་། མེ་འཁོར(རླངས་འཁོར)འབབ་ཚུགས། སྐམ་ལམ་བཅས་ཀྱི་བོད་ནས་བསྐྱོད་སའི་ས་ཚིགས་སུ་གདུབ་ཟུམ་བརྒྱུད་འདྲེན་བྱེད་དགོས་པ་དང་། ཉིན་ལྔའི་ནང་ཉིང་སྐྱུར་བརྟག་དཔྱད་ཐེངས་གསུམ་གྱི་འབྲས་བུ་སྲིབ་གཤིས་དང་བོད་ལྗོངས་ཤར་བགྲོད་ཀྱི་ཚོས་གཞི་ལྗང་ཁུ་ཡིན་དགོས་པ་མ་ཟད། ད་དུང་ནད་འགོག་གཞི་རྐྱེན་གྱི་བརྟག་དཔྱད་བྱས་ནས་སྲིབ་གཤིས་ཡིན་ཚེ་གཞི་ནས་བོད་ནས་འགྲོ་ཆོག་གི་རེད། 

        ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པས་དྲིས་དོན། རིམས་ནད་ཐོན་རིང་གྲོང་མི་མི་ཉུང་བ་ཞིག་གིས་འབྲུ་རིགས་དང་། སྣུམ། ཤ་སྒོང་། ཚལ་སོགས་འཚོ་བའི་དངོས་ཟོག་གི་རིན་གོང་ཤུགས་ཆེན་འཕར་བའི་བསམ་འཆར་བཏོན་ཡོད།  ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་རིན་གོང་ལྟ་སྐུལ་དོ་དམ་ཐད་བྱེད་ཐབས་གང་དག་སྤྱད་ཡོད་དམ། 
    གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཏང་ཙུའི་ཁོངས་མི་ཅུས་ཀྲང་གཞོན་པ་ཀྲང་ཅིང་ཁྲུན་གྱིས་བརྗོད་དོན། ང་ཚོས་ཤེས་རྟོགས་བྱུང་བའི་གནས་ཚུལ་ལ་བལྟས་ན། གྲོང་ཁྱེར་ཡོངས་ཀྱི་འཚོ་བའི་དངོས་ཟོག་གྲབས་གསོག་འདང་ངེས་དང་། མཁོ་སྤྲོད་བརྟན་པོ། སྡེབ་ཚོང་རིན་གོང་གཞི་རྩའི་ཆ་ནས་སྙོམས་པོ་བཅས་ཡོད་པ་དང་།  སྔོ་ཚལ་ཁག་གཅིག་གི་ཕྱིར་ཚོང་རིན་གོང་ཅུང་འཕར་བའི་གནས་ཚུལ་ཐོན་ཀྱང་། སྤྱིའི་ཆ་ནས་གོ་རིམ་ལྡན་པ་དང་ཚོད་འཛིན་ཐུབ་ཡོད། རིམས་ནད་ཐོན་རིང་ཁྲོམ་ར་ལྟ་འདོམས་སྡེ་ཚན་ལ་རིན་གོང་སྐོར་གྱི་གནད་དོན་དང་བསམ་འཆར་མང་པོ་འབྱོར་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱི་ཁྲོམ་ར་ལྟ་འདོམས་མ་ལག་ལ་ཐེར་འདོན་གོང་ཞུའི་གྱོད་གཞི་1316འབྱོར་བ་ལས། རིན་གོང་གི་གནད་དོན་482ཡོད་པ་དེས་བསྡུར་ཚད་36.6%བཟུང་ཡོད།  འབྲེལ་ཡོད་སྡེ་ཚན་གྱིས་སྒྲུབ་རྒྱུར་སྤྲད་པའི་གནད་དོན་ཁག་85ཐག་གཅོད་བྱས་པ་ལས་རིན་གོང་ལ་བསམ་འཆར་ཡོད་པའི་གནད་དོན་75ཡོད་པ་དེས་བསྡུར་ཚད་88.2%བཟུང་ཡོད།  གོང་གསལ་གྱི་ཁུངས་སྣེར་གཞིགས་ནས།  གནད་དོན་ཁག་85ལ་ཡོ་བསྲང་བྱེད་དགོས་པའི་བཀའ་བཏང་བ་དང་གནད་དོན་ཁག་11གྱོད་ཐོར་བཀོད་བྱས་ཡོད།  མིག་སྔར་གྱོད་གཞི་ཁག་7ཐག་གཅོད་བྱས་ཟིན་པ་དང་དངུལ་ཆད་སྒོར་ཁྲི་8.45བཏང་ཡོད།
        གོམ་སྟབས་རྗེས་མར་གྲོང་ཁྱེར་ཡོངས་ཀྱི་ཁྲོམ་ར་ལྟ་འདོམས་མ་ལག་གིས“མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བ”དང་བཟའ་བཅའ་དང་སྨན་རྫས་ཀྱི་སྤུས་ཚད་མུ་མཐུད་གཙིགས་ཆེར་བཟུང་ནས། སྒོ་རྩིས་ཚོང་ཁང་དང་།  ཞིང་ཞོར་ཐོན་རྫས་ཁྲོམ་ར།  སྨན་རྫས་ཚོང་ཁང་།  ཁ་ལག་གཅིག་སྡུད་མཁོ་འདོན་ཚན་པ་སོགས་གཉེར་སྐྱོང་བྱེད་མཁན་ལ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས།  ཞུ་གཏུག་ཐེར་འདོན་དང་གནས་ཚུལ་གོང་ཞུ་སོགས་ཁུངས་སྣེའི་འཕྲལ་སྡོམ་ཐག་གཅོད་མགྱོགས་སུ་གཏོང་བ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་བ།  ཁེ་ལས་ཀྱིས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱེད་པ།  ཚོང་ཁྲོམ་བསྐྱར་ཚུགས་བྱེད་པ་བཅས་ལ་རམ་འདེགས་བྱས་ཏེ།  གྲོང་ཁྱེར་ཡོངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་གྱི་ཡིན།  
       མཇུག་ཏུ་རྒྱ་ཆེའི་གྲོང་མིས་ཁྲོམ་ར་ལྟ་འདོམས་ཀྱི་ལས་དོན་ལ་བསམ་ཤེས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ།  གལ་ཏེ་རིན་གོང་ཁྲིམས་ལས་འགལ་བ་དང་བཟའ་བཅའ་དང་སྨན་རྫས་བདེ་འཇགས་སོགས་ཀྱི་གནད་དོན་འཕྲད་ཚེ། 12315ལ་ཁ་པར་བརྒྱབ་ནས་ཐེར་འདོན་གནང་དགོས། ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་གནས་ཚུལ་ལ་གཞིགས་ནས་ཁྲིམས་ལྟར་བརྟག་དཔྱད་དང་ཐག་གཅོད་བྱ་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།