རིམས་ནད་ཐོན་ཚུན། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་མི་དམངས་གོང་བཀུར་དང་ཚེ་སྲོག་གོང་བཀུར་གྱི་འདུ་ཤེས་མཐའ་འཁྱོངས་དང “རིམས་ནད་ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་སྔོན་འགོག”གི་སྤྱིའི་ཐབས་ཇུས་དང“སྐབས་བསྟུན་གཙང་བཟོའི”སྤྱིའི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་བཀོད་སྒྲིག་དོན་འཁྱོལ་བྱས་ནས་ཕྱོགས་ཁག་གི་འགན་འཁྲི་ཏན་ཏིག་བསྒྲུབས་པ་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ཚོང་ཁྲོམ་དང་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱེད་བཞིན་ཡོད། ཉེ་ཆར། གསར་འགོད་པ་སྟག་རྩེ་ཆུས་སུ་འབྱོར་ནས་མི་ཡུལ་གྱི་དྲོ་སྐྱིད་དེ་མྱོང་ཚོར་ཐུབ་བྱུང་།
ཞིང་ནང་དང་མུ་ཁར་བྲེལ་བརྩོན་གྱི་རྣམ་པས་ཁེངས།
སྟག་རྩེ་ཆུས་ཐང་དཀར་ཤང་ཆུང་མདའ་གྲོང་ཚོའི་ཞིང་ནང་དང་མུ་ཁར་སྐྱོད་སྐབས་རྩྭ་རྩི་ཤིང་གི་དྲི་ཞིམ་འཐུལ་བ་དང་གྲོང་མི་ཚོའི་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་མཆིས། སྟོན་རླུང་དལ་བུར་ལྡང་བ་དང་ཆབས་ཅིག་གྲོང་མི་ཁག་གཅིག་གིས་ཁ་རས་བརྒྱབ་ནས་རང་ཁྱིམ་གྱི་ཚལ་ཞིང་དུ་ཞོག་ཁོག་བསྡུས་ནས་རྩྭ་རས་ནང་སྡག་སྡག་བླུགས་རྗེས་གྲལ་འགྲིག་པོར་བཞག་འདུག
གསར་འགོད་པས་སྟག་རྩེ་གསེར་སྙེ་མཉམ་ལས་ཁང་གི་མ་རྨོས་ལོ་ཏོག་ཞིང་ནང་དུ་ཞིང་པས་བརྔ་བསྡུ་འཕྲུལ་འཁོར་དང་། ཐུམ་སྒྲིལ་འཕྲུལ་འཁོར། འདྲུད་འཐེན་འཕྲུལ་འཁོར་སོགས་བཏང་ནས་ལས་ལ་བྲེལ་བ་མཐོང་བྱུང་།
ཞོག་ཤང་བཀྲ་ཤིས་སྒང་གྲོང་ཚོར་སླེབས་སྐབས་དེ་གར་ཡང་བྲེལ་འཚུབ་ཀྱི་རྣམ་པ་ཞིག་མངོན་ཞིང་། འཕྲུལ་འཁོར་གྱི་སྒྲ་དང་བསྟུན་ནས་ལ་ལས་འབྲུ་རིགས་ཉི་མར་སྐམ་བཞིན་ཡོད་པ་དང་། ལ་ལས་རྩྭ་རས་ནང་བླུག་བཞིན་པ། ལ་ལས་དབོར་བཞིན་པ་བཅས་སྟོན་བསྡུའི་རྣམ་པ་མིག་ལམ་དུ་འཆར། “ད་ཐེངས་ཀྱི་རིམས་ནད་འགོག་རྒོལ་བརྒྱུད། ནུས་ཤུགས་ཡོད་རྒུས་རིམས་འགོག་བྱས་པ་མ་ཟད། ད་དུང་ང་ཚོར་ནས་བརྔ་བསྡུ་བྱེད་རོགས་བྱས་བྱུང་བས་ཏང་དང་སྲིད་གཞུང་གིས་ང་ཚོ་མི་སེར་ལ་ཐུགས་ཁུར་ཟབ་མོ་གནང་བ་ང་རང་ལ་མྱོང་ཚོར་ཟབ་མོ་བྱུང་། སླད་ཕྱིན་ང་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུས་ནས། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུ་ཡིན”ཞེས་བཀྲ་ཤིས་སྒང་གྲོང་ཚོའི་གྲོང་མི་བསྟན་འཛིན་འཕྲིན་ལས་ཀྱིས་བརྗོད།
སྒོ་རྩིས་ཚོང་ཁང་ཚོང་གཉེར་བྱས་ནས་དམངས་འཚོར་འགན་ལེན་བྱེད།
ད་ཆ་སྟག་རྩེ་གྲོང་ཁུལ་གྱི་མ་ལམ་གཙོ་བོར་འགྲོ་འོང་བྱེད་མཁན་རླངས་འཁོར་མང་དུ་ཕྱིན་ཞིང་། རླངས་འཁོར་རེ་རེ་བཞིན་རྒྱ་ཆེ་བའི་སྣུམ་ནག་གཞུང་ལམ་ཐོག་སྐྱོད་བཞིན་ཡོད་པ་དང་། སྨན་རྫས་ཚོང་ཁང་དང་། གྲོ་ཟས་ཟ་ཁང་། སྐྲ་བཞར་ཁང་། ལྕགས་རིགས་ཚོང་ཁང་། གྱོན་ཆས་ཚོང་ཁང་སོགས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ངེས་པར་དུ་མཁོ་བའི་ཚོང་ཁང་523གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས་སྔ་རྗེས་སུ་སྒོ་ཕྱེ་བཞིན་ཡོད་པ་རེད།
བདེ་ཆེན་དཀྱིལ་ལམ་གྱི་འོ་ཇ་ཚོང་ཁང་གི་སྒོ་འགྲམ་དུ་སྐུ་མགྲོན་མིག་དམར་གྱིས་དགའ་སྤྲོའི་ངང“ཁྱིམ་དུ་བསྡད་དྲགས་ནས་སིལ་ཟས་འགའ་ཟ་འདོད་བྱུང་། ཏག་ཏག་ཟ་ཁང་སྒོ་ཕྱེ་འདུག”ཅེས་བརྗོད།
འབྲོམ་ཐོད་ཤང་གི་སྔོ་ཚལ་མཁོ་སྤྲོད་འགན་ལེན་ས་ཚིགས་སུ་ལྷ་ས་གྲོང་ཁུལ་དང་དེ་བཞིན་རྫོང(ཆུས)ཁག་ནས་ཡོང་བའི་སྔོ་ཚལ་སྐྱེལ་འདྲེན་རླངས་འཁོར་ཕར་འགྲོ་ཚུར་འོང་བྱས་ནས་སྔོ་ཚལ་མཁོ་སྤྲོད་འགན་ལེན་བྱས་ཡོད། ཚལ་འདེབས་ཞིང་པས“ཚལ་ཚོང་དཀའ་བ”དང་མང་ཚོགས་ཀྱིས“ཚལ་ཉོ་དཀའ་བའི”གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་བཞིན་ཡོད་པ་རེད།
འཁོར་སྐྱོད་གོ་རིམ་ལྡན་པ་དང་སྔོན་འགོག་དང་ཚོད་འཛིན་ལ་ལྷོད་གཡེང་མི་གཏོང་བ།
ཟླ་9ཚེས་15ཉིན་ནས་བཟུང་། སྟག་རྩེ་ཆུས་ཀྱི་ཐད་གཏོགས་ལས་ཁུངས་དང་སྡེ་ཚན་དུ་ལས་ཀ་ཕྱོགས་ཡོངས་ནས་སླར་གསོ་བྱུང་བ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས་མང་ཚོགས་ལ་སྤུས་ལེགས་ཀྱི་ཞབས་ཞུ་བྱེད་བཞིན་ཡོད།
སྟག་རྩེ་ཆུས་ཀྱི་འཛུགས་སྐྲུན་རྣམ་གྲངས་ཆེ་གྲས་ཁག་57གཅིག་མཇུག་གཉིས་མཐུད་ངང་ལས་འགོ་བསྐྱར་ཚུགས་བྱས་པ་དང་བསྟུན་ནས་ལས་ཡུལ་ཁག་ཏུ་ལས་བྲེལ་གྱི་རྣམ་པས་ཁེངས། ལྷ་ས་ནས་ལྷོ་ཁ་བར་གྱི་S5ལམ་ཐིག་གི་ཨར་ལས་བྱ་ཡུལ་དུ་ཨར་ལས་རུ་ཁག་གིས་ཛ་དྲག་དང་གོ་རིམ་ལྡན་པའི་སྒོ་ནས་ཨར་ལས་བྱེད་བཞིན་ཡོད་པ་དང་། པད་ནག་གྲོང་ཚོའི“མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་བདེ་སྐྱིད་ཁྱིམ་གཞིས”འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་ཡུལ་དུ་བཟོ་པ་ཚོས་བྲེལ་འཚུབ་ངང་ལས་ཀ་བྱེད་བཞིན་ཡོད་པ། ཧྲེང་ཧྲེ་འབྱུང་འགྱུར་གྲོང་ཁྱེར་རྣམ་གྲངས་ཀྱི་ཨར་སྐྲུན་བྱ་ཡུལ་དུ་འཕྲུལ་ཆས་ཁག་མགྱོགས་མྱུར་འཁོར་སྐྱོད་བྱེད་པ་དང་བཟོ་པས་ལས་དུས་འཕར་མ་བྱས་ནས་ནུས་ཤུགས་ཡོད་རྒུ་འདོན་བཞིན་འདུག
ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱེད་པར་འཕྲིན་གཏོང་ནི་མེད་དུ་མི་རུང་བའི་འགན་ལེན་གལ་ཆེན་ཞིག་ཡིན་ཞིང་། སྟག་རྩེ་གློག་འཕྲིན་འཕྲིན་གཏོང་སྲུང་སྐྱོབ་རུ་ཁག་གིས་སྤྲིན་དྲའི་མཉམ་འདྲེས་དང་གྲངས་གཞི་ཅན་གྱི་ཕྱོགས་བསྡུས་ནུས་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་དྲ་རྒྱའི་ཚོད་གཏོང་དང་། WIFIཡོངས་ཁྱབ། ལྟ་སྐུལ་ཚོད་འཛིན་བཀོད་སྒྲིག དྲ་ཐོག་རླུང་འཕྲིན་སོགས་ཀྱི་ལས་དོན་སྤེལ་ནས། འཕྲིན་གཏོང་དྲ་རྒྱ་ཤར་གཏོང་ཐུབ་པ་དང་སྦྲེལ་ཚུགས་ཀྱི་བརྡ་རྟགས་ཁྱབ་ཐུབ་པའི་འགན་ལེན་བྱས་པ་རེད།
བཀག་རྒྱ་གློད་ཀྱང་ཉེན་ཟོན་ལྷོད་གཡེང་གཏོང་མི་རུང་། སྟག་རྩེ་ཆུས་ཀྱི་འཐབ་ཕྱོགས་ཁག་གིས་རིམས་འགོག་གི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་སྟེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དངོས་ལ་བརྟེན་ནས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་སྲུང་སྐྱོང་གིས་གནས་དེར་མི་ཡུལ་གྱི་དྲོ་སྐྱིད་དེ་བས་ལྡན་པ་བྱེད་བཞིན་མཆིས།