དབུ་ཤོག>ཆེད་སྒྲིག
  • ལྷ་ས་ཁྲེང་ཀོན་ཆུས་ཀྱི་ས་ཆ་འདི་དག་ཕུད་རྒྱུན་གཏན་འཚོ་བ་སླར་གསོ་……

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-21
    ལྷ་ས་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྤྱི་བསྒྲགས།
    〔2022〕 ཡིག་ཨང་58པ།
        རིམས་ནད་ཐོན་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་པན་ཀྲང་གནང་བའི་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཁབ་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུས་ཀྱི་མཛུབ་ཁྲིད། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར་དང་སྤུན་ཟླའི་ས་གནས་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་ཤུགས་ཆེན། རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱི་འགན་གཙང་འགན་ལེན་གྱི་ལྟ་སྐུལ་མཛུབ་ཁྲིད་བཅས་ཀྱི་འོག གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་ཐོག་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། གྲོང་ཁྱེར་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཕྱོགས་བསྡུས་ཞིབ་དཔྱད་དང་། ལྷ་ས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཞིབ་འཇུག་བྱས་པ་བརྒྱུད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་དང་། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རིམ་བཞིན་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་པའི་སྐོར་གྱི་འབྲེལ་ཡོད་དོན་ཚན་ཡོངས་བསྒྲགས་བྱེད་རྒྱུ་གཤམ་གསལ།    
      གཅིག  འདམ་གཞུང་རྫོང་དང་། སྙེ་མོ་རྫོང་། ལྷུན་གྲུབ་རྫོང་། མལ་གྲོ་གུང་དཀར་རྫོང་། སྟག་རྩེ་ཆུས། ཆུ་ཤུར་རྫོང་། སྟོད་ལུང་བདེ་ཆེན་ཆུས། རིག་གནས་བསམ་བཀོད་གླིང་། སྣེའུ་ཁུལ་གསར། དཔལ་འབྱོར་གསར་སྤེལ་ཁུལ་བཅས་ད་ཡོད་ཀྱི་རྨང་གཞིའི་ཐོག ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སྔར་བས་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་བྱེད་རྒྱུ་དང་། ཁྲེང་ཀོན་ཆུས་ཀྱིས་གླིང་ཕྲན་གཉིས་དང་། དོག་སྡེ། ཚལ་གུང་ཐང་བཅས་ཁྲོམ་གཞུང་གསུམ་གྱིས་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་བྱེད་པའི་རྨང་གཞིའི་ཐོག ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་ཁྲོམ་གཟིགས་སྒང་སྡེ་ཁུལ་དང་།  བསྟན་རྒྱས་གླིང་སྡེ་ཁུལ་རྡོ་སེང་གེ་ལམ་གྱི་དུམ་བུ་དབུས་མའི་ཤར་རྒྱུད་བར། ལྷ་ས་བརྒྱ་ཟོག་ཚོང་ཁང་གི་ལས་བཟོའི་ཁུལ་ཆུང་། གླིང་སྐོར་ཤར་ལམ་སྲང་ལམ་དང་པོའི་སྒོ་རྟགས་3པ་ཆུ་བེད་ཅུས་ཀྱི་ཁུལ་ཆུང་། ཀླུ་སྒུག་སྡེ་ཁུལ་རྡོ་སེང་གེ་ལམ་དུམ་བུ་ལྷོ་མའི་ཤར་རྒྱུད་བར། རབ་གསལ་སྡེ་ཁུལ་ཅང་སུའུ་ལམ་གྱི་བྱང་ཕྱོགས། སྐྱེ་ཁམས་གླིང་ལམ་གྱི་ཚ་རོང་། ཀྲུང་གོ་དངུལ་འབྲེལ་བོད་ལྗོངས་ཡན་ལག་ཀུང་སི། ཤ་གསར་ཟུར་སྡེ་ཁུལ། རྗེ་འབུམ་སྒང་སྲང་ལམ་ར་མོ་ཆེ་སྡེ་ཁུལ་གྱི་དྲ་མིག་གཉིས་པ་དང་གསུམ་པ། ཚེ་སྨོན་གླིང་སྡེ་ཁུལ་གྱི་དྲ་མིག་གཉིས་པ། ཀུན་བདེ་གླིང་ཁྲོམ་གཞུང་ལྷ་ཀླུ་སྡེ་ཁུལ་གྱི་ཙུའུ་དང་པོ་དང་གཉིས་པ། གྲྭ་བཞི་ཁྲོམ་གཞུང་གཤོངས་དགའ་སྡེ་ཁུལ། ཉང་བྲན་ཁྲོམ་གཞུང་རིན་ཆེན་ཚལ་གྲོང་ཚོ་དང་། སྤྱི་སོ་གྲོང་ཚོའི་ཙུའུ་དང་པོ་དང་བཞི་པའི་སོ་སོས་བརྒྱབ་པའི་ཁང་པ། སྔགས་པ་གླིང་ཁ་སྡེ་ཁུལ་གྱི་ཙུའུ་དྲུག་པ་དང་བདུན་པ། རྔ་ཆེན་ཁྲོམ་གཞུང་གཙང་རལ་སྡེ་ཁུལ། ཁྲེང་ཀོན་མེ་ཏོག་ལྡུམ་ར་Aཁུལ། ལྕགས་རོང་ཙུའུ་ལྔ་པའི་ཉེ་འཁོར་གྱི་བོགས་གཏོང་ཁང་པ། ཀརྨ་དགོན་གསར་ཁྲོམ་གཞུང་གི་ཀརྨ་དགོན་གསར་སྡེ་ཁུལ་དང་། གཅིག་འཛུགས་སྡེ་ཁུལ། ལམ་བྱང་སྡེ་ཁུལ། བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་གི་བརྒྱད་གཅིག་སྡེ་ཁུལ་དང་། དན་བག་ཙུའུ་གསུམ་པ། ཚལ་གུང་ཐང་ཁྲོམ་གཞུང་ཚལ་གྲོང་ཚོའི་ཙུའུ་ལྔ་པའི་ཤན་ཁ་ཡུག་ཁུལ།  དོག་སྡེ་ཁྲོམ་གཞུང་ལྷོ་ངོས་གྲོང་ཚོའི་པ་སི་ཙུའུ་བཅས་ཕུད་པའི་ཉེན་ཁ་ཆུང་བའི་ས་ཁོངས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རིམ་བཞིན་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་རྒྱུ་དང་། 《ཏོག་དབྱིབས་ནད་དུག་གསར་པ་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞི(པར་གཞི་དགུ་པ)》ཡི་འབྲེལ་ཡོད་གཏན་འབེབས་ལྟར། ཉེན་ཁ་ཆུང་བའི་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་མུ་མཐུད་བརྟན་དུ་བཏང་སྟེ། སླར་གསོ་བྱས་ཀྱང་བཀག་སྡོམ་མི་གློད་པ་དང་རིམས་འགོག་ལ་ལྷོད་གཡེང་མི་ཤོར་བའི་འགན་ལེན་བྱེད་རྒྱུ། 
      གཉིས། ཕྱོགས་བཞིའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་། རྫོང་དང་ཆུས་ཁག་གིས་ཁོངས་གཏོགས་ས་ཆའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། ལས་རིགས་ཁག་གི་གཙོ་གཉེར་སྡེ་ཚན་གྱིས་གཙོ་གཉེར་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་དགོས། ལས་ཁུངས་ཁག་དང་། ཁེ་ལས་དང་བྱ་གཞག་ཚན་པ་ཁག་གིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས། ནང་ཁོངས་ཀྱི་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། ལས་བྱེད་ལས་བཟོའི་བདེ་ཐང་ལ་ལྟ་ཞིབ་དང་དོ་དམ་ཡག་པོ་བྱེད་དགོས། གྲོང་མིས་མི་སྒེར་དང་ཁྱིམ་ཚང་གི་སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས། སྡོད་གནས་ཁོར་ཡུག་ལ་དུག་སེལ་ཡག་པོ་བྱེད་པ་དང་། ཚད་ལྡན་ཁ་རས་མཐའ་འཁྱོངས་རྒྱག་པ། སྤྱི་ཚོགས་འབྲེལ་བའི་བར་ཐག་རྒྱུན་འཁྱོངས། མི་སྒེར་གྱི་འཕྲོད་བསྟེན་ལ་དོ་སྣང་བཅས་བྱས་ནས། གསོལ་སྟོན་མི་གཤོམ་པ་དང་། འདུ་འཛོམས་མི་བྱེད་པ། མཉམ་སྡེབ་བྱེད་སྒོ་སྒྲིག་འཛུགས་མི་བྱེད་པ་བཅས་ཀྱིས་རང་འགུལ་ངང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འོས་འགན་འཁུར་དགོས།    
       གསུམ། ཉེན་ཁ་ཆུང་བའི་ཁུལ་གྱི་འབྲུ་སྣུམ་སྔོ་ཚལ་ཚོང་ཁང་དང་། ཁུལ་ཆུང་གི་སྟབས་བདེའི་ཚོང་ཁང་། སྨན་རྫས་ཚོང་ཁང་སོགས་དམངས་འཚོ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཚོང་གཉེར་བྱ་ཡུལ་སྣ་ཚོགས་ལ་ཐོ་འགོད་ཞིབ་བཤེར་ནན་པོ་དང་། རིམས་འགོག་བྱ་ཐབས་ཁག་དོན་འཁྱོལ་བྱེད་པའི་རྨང་གཞིའི་ཐོག གོ་རིམ་ལྡན་པའི་ངང་སྒོ་འབྱེད་དགོས། ཚོང་གཉེར་བྱེད་ས་ཁག་གིས་ངེས་པར་དུ་ཉིན་རེའི་ཉིང་སྐྱུར་གཅིག་དང་ནད་འགོག་གཉིས་དང་། གནས་ཡུལ་ཨང་རྟགས་བཤེར་བ། ཐོ་འགོད་པ། ཚ་བ་ལྟ་བ། དུས་བཀག་དུག་སེལ་བྱེད་པ། ཁ་རས་རྒྱག་པ་སོགས་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་དགོས། སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ལག་བསྟར་ནན་པོ་མ་བྱས་ཚེ་རྩད་ཆོད་མཐའ་གསལ་བྱུང་རྗེས། ཁྲིམས་དང་སྒྲིག་སྲོལ་ལྟར་སྒོ་རྒྱག་ཏུ་འཇུག་རྒྱུ།
       བཞི། ས་ཁོངས་ནང་གི་སྤྱི་པའི་རིག་གནས་བྱེད་སྒོ་སྤེལ་ས་དང་། སྤྱི་པའི་རོལ་རྩེད་སྤྲོ་གསེང་ཁང་། ཡུལ་སྐོར་མཛེས་ལྗོངས་ཁུལ། དགོན་སྡེ། ཟ་ཁང་སོགས་གནས་སྐབས་སྒོ་མི་འབྱེད་པ་དང་། བཀྲ་ཤིས་པའི་བྱ་བ་དུས་འགྱངས་དང་། འདས་མཆོད་སྟབས་བདེ། གསོལ་སྟོན་མི་གཤོམ་པ་བཅས་བྱེད་པ་དང་། གནས་སྐབས་ཚོགས་འདུ་ཆེ་གྲས་དང་བྱེད་སྒོ་སྣ་ཚོགས་མི་སྤེལ་བ། སློབ་གྲྭ་ཁག་གི་སློབ་ཚན་སླར་གསོའི་དུས་ཚོད་སློབ་གསོ་སྡེ་ཚན་གྱི་བརྡ་ཐོ་གཞིར་འཛིན་དགོས།
      ལྔ། ཉེན་ཁ་ཆུང་བའི་སྡེ་ཁུལ་དུ་བཀག་སྡོམ་གྱི་རྣམ་པར་བརྟེན་ནས་དོ་དམ་བྱེད་དགོས་པ་དང་སྡེ་ཁུལ་དེའི་གྲོང་མི་མིན་ཚེ་སྡེ་ཁུལ་དུ་མི་གཏོང་བ་དང་། སྡེ་ཁུལ་གྱི་གྲོང་མིས་ཀྱང་ལག་ཁྱེར་ལ་བརྟེན་ནས་འགྲོ་འོང་བྱེད་པ་དང་འཚང་ཁར་གཡོལ་ནས་འགྲོ་འོང་བྱེད་དགོས། གལ་ཏེ་དོན་དག་གལ་ཆེན་མེད་ཚེ་སྡེ། ཁུལ་ནས་ཕྱིར་མི་དོན་པ་དང་སྡེ་ཁུལ་གཞན་དུ་བསྐྱོད་མི་ཆོག་པའི་འབོད་སྐུལ་བྱེད་རྒྱུ། ངེས་པར་དུ་ཕྱིར་སྐྱོད་དགོས་ཚེ་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པ་གཞིར་བྱས། བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ཕྱིར་སྐྱོད་དགོས། གལ་ཏེ་ཚ་བ་རྒྱག་པ་དང་། གློ་གོག་པ། ཤུགས་མེད་པ། མིད་པ་ན་བ། ཚོར་བ་ཉམས་པ་སོགས་ཏོག་གསར་གློ་ཚད་ཀྱི་ནད་རྟགས་དང་འདྲ་པོ་ཡོད་ཚེ། འཕྲལ་དུ་སྡེ་ཁུལ་ལ་ཇི་མ་ཇི་བཞིན་དུ་སྙན་སེང་ཞུ་དགོས།
        རྫོང་དང་ཆུས་ཁག་གིས་ལས་ཀ་མུ་མཐུད་སྒྲིག་འཛུགས་ཡག་པོ་བྱས་ནས། མང་ཚོགས་ཀྱི་རེ་འདུན་ལ་ལན་ཧུར་ཐག་རྒྱག་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འགན་ལེན་གྱི་ལས་དོན་ཏན་ཏིག་སྒྲུབ་དགོས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་རང་འགུལ་ངང་རིམས་འགོག་གཏན་འབེབས་ལ་བརྩི་སྲུང་དང་། རང་འགུལ་ངང་རིམས་འགོག་བྱ་ཐབས་ལ་གཞོགས་འདེགས་བྱས་ཏེ། འཐོབ་པར་དཀའ་བའི་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་ལ་མཉམ་དུ་གཅེས་སྤྲས་བྱེད་དགོས།
        སྤྱི་བསྒྲགས་འདི་ཆེད་མངགས་སྤེལ་བ་ཡིན།
    ལྷ་ས་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས།
    2022ལོའི་ཟླ་9ཚེས་20ཉིན།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།