དབུ་ཤོག>ཆེད་སྒྲིག
  • “རིམས་ནད་མེད་པའི་ཁུལ་ཆུང”གི་སྔོན་འགོག་དང་ཚོད་འཛིན་གྱི་ཐབས་ཤེས་ཡག་པོ་རྟོགས་པར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-09-21

    “རིམས་ནད་ཐོན་ཚུན། ང་ཚོའི་ཁུལ་ཆུང་དུ་ཐོག་མཐའ་བར་གསུམ་དུ་རིམས་ནད་འགོས་མེད་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གཞུང་ལས་ཁང་གིས‘རིམས་ནད་མེད་པའི་ཁུལ་ཆུང’ལ་བདམས་པ་དང་། གནས་ཚུལ་དེ་ཟླ་9ཚེས་3ཉིན་གྱི་ཕྱི་དྲོ་བོད་ལྗོངས་ཉིང་ཁྲི་སྤྱི་ཤག་ཁུལ་ཆུང་གི་སྡེ་ལས་ཚོགས་པར་རྦད་དེ་ཁྱབ་པ་མ་ཟད། ཚང་མས་དེའི་སྐོར་གྲོས་བསྡུར་ཚ་ཚ་འུར་འུར་བྱས་སོང”

    བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་མགྲོན་བསུའི་ཁྲོམ་གཞུང་གི་བྱང་རྒྱུད་དུ་གནས་པའི་ཉིང་ཁྲི་སྤྱི་ཤག་ཏུ་ཐོག་ཁང་6དང་། ཁང་པ་སྟར་པ་13 དུད་ཚང་67བཅས་ཡོད། ཁུལ་ཆུང་དེས་རིམས་ནད་འགོས་མེད་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་དོན་གྱི“ཐབས་ཤེས་ཡག་པོ”རྟོགས་ཆེད། གསར་འགོད་པས་ཆེད་མངགས་དེ་གར་བཅར་འདྲི་བྱེད་པར་བསྐྱོད་པ་རེད།

    “བྲེལ་བ་ཆེ་ཤོས་སྐབས་སུ་ཁ་པར་གཅིག་རྗེས་གཉིས་མཐུད་སླེབས་ཀྱི་འདུག”ཁུལ་ཆུང་དེའི་འགན་འཁུར་བ་བྲག་ཡིབ་ཆུས་མི་དམངས་ཞིབ་དཔྱོད་ཁང་གི་ལས་བྱེད་པ་བསྟན་འཛིན་རྒྱལ་མཚན་གྱིས། རིམས་ནད་ཐོན་ཚུན་ཁོང་ཚོས་ཁུལ་ཆུང་ལ་ཞབས་འདེགས་ཞུ་མཁན་ཚན་པའི་ལས་བྱེད་པ་དང་དེ་བཞིན་དང་བླངས་པ་ཚུད་པའི་སྡེ་ཁུལ་གྱི་ལས་དོན་མི་སྣ་ཉིང་སྐྱུར་བརྟག་དཔྱད་ཀྱི་བང་བཟོ་མཁན་ཚོགས་ཆུང་དང་། དུས་བཀག་དུག་སེལ་ཚོགས་ཆུང་། ཅ་ལག་ཉོ་སྒྲུབ་ཚོགས་ཆུང་། ཚལ་ཉོ་སྒྲུབ་ཚོགས་ཆུང་སོགས་སུ་ཕྱེ་ནས། ཞིབ་ཕྲའི་ལས་དོན་ཁག་མི་སྒེར་ལ་བགོས་པ་དང་ཚང་མས་སེམས་ནུས་གཅིག་སྒྲིལ་གྱིས་དོན་འཁྱོལ་ལ་དམ་འཛིན་བྱས་པ་ཡིན། དེ་ནི་ཁུལ་ཆུང་དེར“རིམས་ནད་འགོས་མེད་པའི”རྒྱུ་མཚན་གཙོ་བོ་རེད་ཅེས་བརྗོད།

    “རིམས་ནད་སྔོན་འགོག་དང་ཚོད་འཛིན་དེ་ཚང་མར་འགན་འཁྲི་ཡོད་པས་ཚང་མས་དེ་སྣང་མེད་དུ་གཏོང་མི་རུང”རིམས་ནད་ཐོན་ཚུན་ཉིང་ཁྲི་སྤྱི་ཤག་ཁུལ་ཆུང་གི་གྲོང་མི་ལུའུ་ཧའེ་ཅུན་གྱིས་འཕྲལ་དུ་དང་བླངས་པར་མིང་ཐོ་བཀོད། ཁོང་གིས“ཉིན་ལྟར་ངའི་ལས་ཀ་གཙོ་བོ་ནི་ཁུལ་ཆུང་དེའི་ཉིང་སྐྱུར་བརྟག་དཔྱད་ཀྱི་སྒྲིག་ལམ་བཟོ་བ་དང་། ཁུལ་ཆུང་དུ་སྡོད་བྱ་བྱེད་པ། ཁུལ་ཆུང་གི་གྲོང་མིར་འཚོ་བའི་དངོས་ཟོག་སྤྲོད་པ་སོགས་ཡིན”ཞེས་བརྗོད།

    བསྟན་འཛིན་རྒྱལ་མཚན་གྱིས་གསར་འགོད་པར། ཁུལ་ཆུང་དེར་དང་བླངས་པ་38ཡོད་པའི་ནང་6ནི་ཉིང་ཁྲིའི་ལས་ཤག་ནས་ཡོང་བའི“འགན་གཙང་འགན་ལེན”ཚན་པ་བྲག་ཡིབ་ཆུས་མི་དམངས་ཞིབ་དཔྱོད་ཁང་ནས་ཡིན་པ་དང་དེ་མིན་32ནི་ཁུལ་ཆུང་གི་གྲོང་མི་དང་སྡེ་ལས་ལས་དོན་མི་སྣ་རེད། ཁུལ་ཆུང་གི་རྒྱལ་སྒོའི་འགྲམ་དུ་ཡོད་པའི་སྤང་སྟེང་དུ་ཕུབ་པའི་གུར་ལ་མཛུབ་མོ་བཙུགས་ཏེ་ཁུལ་ཆུང་དུ་བཀག་སྡོམ་དོ་དམ་བྱས་རྗེས་ང་དང་ལས་རོགས་ལྔ་དུས་རྒྱུན་གུར་ནང་ཉལ་ནས་རེས་མོས་ངང་ངལ་གསོ་བརྒྱབ་སྟེ་གྲོང་མིས་དུས་དང་རྣམ་པ་ཀུན་ཏུ་ང་ཚོ་དང་འབྲེལ་བ་ཐུབ་པའི་འགན་ལེན་བྱས་པ་ཡིན“གལ་ཏེ་ཚང་མ་ལས་ཀ་དེའི་ནང་མ་ཞུགས་ཚེ་གྲུབ་འབྲས་ཡག་པོ་དེ་འདྲ་ཡོང་ཐབས་བྲལ”ཞེས་བརྗོད།

    ཁུལ་ཆུང་གི་སྟར་པ་ལྔ་པའི་དོ་དམ་པ་པད་མ་མཆོག་གིས་གྲོང་མིར་ཉིང་སྐྱུར་བརྟག་དཔྱད་བྱ་རྒྱུར་སྒྲིག་འཛུགས་བྱེད་ཀྱིན་དུ་གྲོང་མི་ཚོར་རྒྱུན་གཏན་གྱི་འཚོ་བའི་མཁོ་ཆས་དང་སྨན་རྫས་ཉོ་རོགས་བྱས། ལོ་ན་ཅུང་མཐོ་བའི་ཁོང་འགྲོ་སྐྱོད་སྟབས་བདེ་པོ་དེ་ཙམ་མེད་རུང་། ཉིན་རེའི་ཞོགས་པའི་དུས་ཚོད་ཏག་ཏག་ལ་ཁྱིམ་ཚང་རེ་རེའི་སྒོ་བརྡུངས་ནས་ཚང་མར་ཉིང་སྐྱུར་བརྟག་དཔྱད་བྱེད་པར་ཡོང་དགོས་པའི་སྐད་གཏོང་གི་ཡོད། “ང་ཚོའི་ཁུལ་ཆུང་དུ་གློག་སྐས་མེད་པས་ཁོམ་པ་བྱུང་དུས་ངལ་གསོ་ཏོག་ཙམ་རྒྱག་དགོས་ཀྱི་འདུག དེ་འདྲ་མ་བྱས་ན་རྐང་པར་ན་ཟུག་གཏོང་གི་འདུག”ཅེས་བརྗོད།

    བཀག་སྡོམ་དོ་དམ་བྱེད་རིང་། ས་གནས་དེ་གའི་སྡེ་ཁུལ་གྱིས་ཁུལ་ཆུང་ལ་སྔོ་ཚལ་ཁུག་མ་ཆེན་པོ་གཉིས་བསྐྱལ་ཡོད། ཁུལ་ཆུང་དུ་གྲོང་མི་དུད་ཚང་67ཡོད་པས་བགོ་བཤའ་ཇི་ལྟར་རྒྱག་དགོས་པའི་ཐད་དང་བླངས་པ་ཚོས་བསམ་བློ་ཞིབ་པར་བཏང་། ཁོང་ཚོས་སྐད་འཕྲིན་ཚོགས་པའི་ནང་གནས་ཚུལ་དེ་ཡོངས་བསྒྲགས་བྱས་རྗེས་ཁུལ་ཆུང་ནང་སྡོད་མཁན་ཚོས་ཕན་ཚུན་བསམ་ཤེས་བྱས་ནས་འགའ་རེས་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་མི་སྣར་སྔོན་ལ་སྤྲོད་དགོས་པའི་གྲོས་འགོ་བཏོན། གྲོས་འགོ་དེར་ཚང་མས་མོས་མཐུན་བྱུང་ནས་དང་བླངས་པ་ཚོས་སྔོ་ཚལ་དག་སྡེ་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་བགོ་བཤའ་བརྒྱབ་པ་རེད།

    ཟླ་8ཚེས་27ཉིན་གྱི་དགོང་མོའི་ཆུ་ཚོད་9པ་ཡོལ་ཙམ་དུ་བསྟན་འཛིན་རྒྱལ་མཚན་ལ་ཁུལ་ཆུང་གི་གྲོང་མི་དུད་ཚང་ཞིག་གི་ལོ་64ལ་སླེབས་པའི་ཨ་ཁུ་ཞིག་གློ་བུར་དུ་ཕོ་བ་ན་ནས་དང་བླངས་པས་ཁོང་སྨན་ཁང་དུ་ནད་ལྟ་བར་ཁྲིད་རོགས་ཞེས་པའི་ཁ་པར་འབྱོར། “ང་ཚོས་དང་ཐོག་ཁྲོམ་གཞུང་དོན་གཅོད་ཁྲུའུ་ལ་ཐོ་འགོད་སྙན་སེང་ཞུས་པ་དང་། དེ་རྗེས་ལམ་སེང་སྨན་ཁང་དང་འབྲེལ་བ་བྱས་ཏེ་སྨན་ཁང་དུ་སྨན་བཅོས་བྱེད་ཐུབ་མིན་གཏན་འཁེལ་བྱས་པ་ཡིན། སྨན་ཁང་དུ་ནད་དུག་འགོ་ཉེན་ཅུང་ཆེ་བས། དེར་འགྲོ་མཁན་ཇི་ཙམ་ཉུང་ན་དེ་ཙམ་གྱིས་བདེ་འཇགས་ལྡན་པས། ངས་ཚོགས་ཆུང་དེའི་ནང་གི་འགྲོ་སྐྱོད་ལག་ཁྱེར་ཡོད་པའི་རླངས་འཁོར་གཅིག་པུ་དེ་བཏང་ནས་ཨ་ཁུ་སྨན་ཁང་དུ་བསྐྱལ་བ་ཡིན”ཞེས་ཁོང་གིས་དྲན་གསོ་བྱེད་བཞིན་བརྗོད།

    འདས་ཟིན་པའི་ཉིན་དེ་དག་རིང་བརྟན་སྲུང་བྱེད་པར་ཕྱིར་དྲན་བྱེད་སྐབས་བསྟན་འཛིན་རྒྱལ་མཚན་གྱིས“ང་ཚོ་དཀའ་ལས་ག་ཚོད་ཁག་རུང་ཁུལ་ཆུང་དུ་རིམས་ནད་མེད་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་མཐོང་དུས་སེམས་གཏིང་ནས་དགའ་པོ་འདུག”ཅེས་མྱོང་ཚོར་ཟབ་མོའི་ངང་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།