ཟླ་9ཚེས་18ཉིན་གྱི་དགོང་མོར། ལྷ་ས་གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ལྷ་ས་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཅུ་གཉིས་པ་འཚོགས་ཤིང་། ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཀྲང་ཞའོ་ཀོང་གིས།རིམས་ནད་ཐོན་ཚུན། རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། “རིམས་ནད་ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་སྔོན་འགོག”གི་སྤྱིའི་ཐབས་ཇུས་དང“སྐབས་བསྟུན་གཙང་བཟོའི”སྤྱིའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་གི་འབད་བརྩོན་འོག ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་གླིང་ཕྲན་གཉིས་དང་། དོག་སྡེ། ཚལ་གུང་ཐང་བཅས་ཁྲོམ་གཞུང་3དང་སྟོད་ལུང་བདེ་ཆེན་སོགས་རྫོང(ཆུས)7 བྱེད་ནུས་ཁུལ་3བཅས་སུ་གོ་རིམ་ལྡན་པའི་ངང་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
མིག་སྔར། འདམ་གཞུང་རྫོང་ཁྲེ་ཆུའི་སྟོད་གླིང་གྲོང་ཚོ་ནས་བར་གླིང་གྲོང་ཚོ་དུམ་བུའི་ཆུ་ལོག་སྔོན་འགོག་གི་ལས་གྲྭ་དང་། ལྷུན་གྲུབ་རྫོང་གི་ལྷ་ས་སྐྱིད་ཆུའི་ཕུ་མདོ་ནས་ངར་ནང་ཤང་དུམ་བུ་བར་གྱི་ཡུར་བུ་ཉམས་གསོའི་ལས་གྲྭ སྙེ་མོ་རྫོང་བྲག་སྐོར་ཤང་བྲག་སྐོར་ཆུ་མཛོད་འཛུགས་སྐྲུན་ལས་གྲྭ་སོགས་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ལས་གྲྭ་ཁག་གཅིག་གོ་རིམ་ལྡན་པའི་ངང་ལས་འགོ་ཡང་བསྐྱར་ཚུགས་པ་དང་། དཔལ་འབྱོར་གསར་སྤེལ་ཁུལ་གྱི་བོད་ལྗོངས་ཝ་ཧ་ཧ་དང་ས་མཐོའི་གཅེས་ནོར་སོགས་བཟོ་ལས་ཁེ་ལས་བཅུ་གྲངས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་པ། སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་སྤ་ར་རྩམ་པ་ཀུང་སི་སོགས་ཞིང་ལས་ཐོན་རྫས་ལས་སྣོན་ཁེ་ལས་ཁག་གཅིག་ལས་འགོ་ཡང་བསྐྱར་ཚུགས་པ་དང་ཐོན་སྐྱེད་སླར་གསོ་བྱས་པ། མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་དང་རུ་ཐོག་ཤང་སོགས་ཤང་གི་ད་ལོའི་སྟོན་དུས་འབྲོག་ར་སྐྱས་སྤོས་ཟིན་པ། སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་དང་འབྲོམ་ཐོད་ཤང་སོགས་ཤང་གྲོང་གི་སྨན་ཁང་དང་། གྲོ་ཟས་ཚོང་ཁང་། སྐྲ་ཁང་། ལྕགས་རིགས་ཚོང་ཁང་། གྱོན་ཆས་ཚོང་ཁང་བཅས་ཁག་གཅིག་རྒྱུན་གཏན་ལྟར་ལས་གཉེར་བྱས་པ། ཆུ་ཤུར་རྫོང་གི་སྒོ་རྩིས་ཚོང་ཁང་དང་། ཙག་ཙིག་ཚོང་ཁང་། མོག་མོག་ཚོང་ཁང་བཅས་ཁག་གཅིག་རྒྱུན་གཏན་ལྟར་ལས་གཉེར་བྱས་པ། སྣེའུ་ཁུལ་གསར་དང་རིག་གནས་བསམ་བཀོད་གླིང་གི་ཚོང་ཁང་དང་། སྨན་རྫས་ཚོང་ཁང་། ཟ་ཁང་བཅས་ཁག་གཅིག་རྒྱུན་གཏན་ལྟར་ལས་གཉེར་བྱས་པ་རེད། ཟླ་9ཚེས་17ཉིན་གྱི་ཆུ་ཚོད་0ཙམ་ལ་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱུང་བའི་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་དུ་དུས་ཡུན་ཐུང་ཤོས་ནང་ཚོང་ཁང་དང་། སྔོ་ཚལ་ཚོང་ཁང་། སྨན་རྫས་ཚོང་ཁང་སོགས་ཁག་གཅིག་རྒྱུན་གཏན་ལྟར་ལས་གཉེར་ཐུབ་ཡོད་པ་རེད།