དབུ་ཤོག>ཆེད་སྒྲིག
  • བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཞེ་གཅིག་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-20

    ཚེས་18ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཞེ་གཅིག་པ་འཚོགས་ནས་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གནས་ཚུལ་གསར་ཤོས་བརྡ་ཁྱབ་བཏང་བ་དང་ཉིང་ཁྲི་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཟླ་9ཚེས་17ཉིན་གྱི་ཆུ་ཚོད་0ནས་24བར་ལྗོངས་ཡོངས་སུ་ཏོག་གསར་གློ་ཚད་ཕོག་པའི་ཡུལ་དེ་རང་གི་གཏན་འཁེལ་ནད་པ་6(ལྷ་ས་གྲོང་ཁྱེར་ནས་སྙན་སེང་ཞུས་པ)མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་39(ལྷ་ས་གྲོང་ཁྱེར་ལ་27དང་། གཞིས་རྩེ་གྲོང་ཁྱེར་ལ་9 ཆབ་མདོ་གྲོང་ཁྱེར་ལ་1 ནག་ཆུ་གྲོང་ཁྱེར་2)མང་དུ་ཕྱིན་ཡོད་པ་རེད།

    ཟླ་9ཚེས་18ཉིན་གྱི་ཆུ་ཚོད་0ནས་14བར། ལྗོངས་ཡོངས་སུ་ཏོག་གསར་གློ་ཚད་ཕོག་པའི་ཡུལ་དེ་རང་གི་གཏན་འཁེལ་ནད་པ་མང་དུ་ཕྱིན་མེད་པ་དང་། རྟགས་མེད་ནད་དུག་འགོས་པ་22(ལྷ་ས་གྲོང་ཁྱེར་ལ་19དང་། གཞིས་རྩེ་གྲོང་ཁྱེར་ལ་2 ཆབ་མདོ་གྲོང་ཁྱེར་ལ་1)མང་དུ་ཕྱིན་ཡོད་པ་རེད།

    ཟླ་9ཚེས་17ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ཁྱོན་ཉེན་ཁ་ཆེ་བའི་ཁུལ་28དང་ཉེན་ཁ་འབྲིང་བའི་ཁུལ་118ཡོད་པ་རེད།

    ཟླ་9ཚེས་17ཉིན་ཏོག་གསར་ནད་དུག་འགོས་པ་45མང་དུ་ཕྱིན་པ་དེ་དག་ཚང་མ་ལོགས་བཀར་དོ་དམ་ཚོད་འཛིན་ཁུལ་ནས་ཤེས་རྟོགས་བྱུང་བ་ཤ་སྟག་ཡིན་པ་རེད།

    ཟླ་9ཚེས་17ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ནད་པ་2343དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ་དང་། ཐད་འབྲེལ་པ་56556ལ་གཅིག་སྡུད་ལོགས་བཀར་གྱི་ལྟ་ཞིབ་བྱེད་མཚམས་བཞག་པ་རེད། མིག་སྔར། མི་གྲངས་63392ལ་གཅིག་སྡུད་ལོགས་བཀར་གྱི་ལྟ་ཞིབ་བྱེད་བཞིན་ཡོད་པ་རེད།

    རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པ་སྲིད་གཞུང་གི་དྲུང་ཆེ་གཞོན་པ་བསྟན་འཛིན་ལྷུན་གྲུབ་ཀྱིས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག གྲོང་ཁྱེར(ས་ཁུལ)ཁག་གིས་འགན་འཁྲི་འཁུར་སེམས་ཆེན་པོའི་ཐོག་ནས་ཉིན་མཚན་བསྟུད་མར་འབད་འཐབ་དང་འགག་སྒྲོལ་དཀའ་སེལ་གྱིས་རྒྱུན་གཏན་གྱི་ཐོན་སྐྱེད་དང་། འཚོ་བའི་སྒྲིག་ལམ་གཅིག་རྗེས་གཉིས་མཐུད་དུ་སླར་གསོ་བྱས་ཏེ་ཆ་ཤས་གཙང་བཟོར་བརྟེན་ནས་ཁྱོན་ཡོངས་གཙང་བཟོ་ཡོང་བར་རམ་འདེགས་བྱས་པས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་ཐོན་ཡོད་ཅེས་གསུངས་པ་རེད།

    ཉིང་ཁྲི་གྲོང་ཨུད་ཀྱི་རྒྱུན་ཨུ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཧྥུའུ་ཡུང་པོས་ངོ་སྤྲོད་བྱས་དོན། ཟླ་9ཚེས་8ཉིན་སྐབས་བསྟུན་གཙང་བཟོའི་དམིགས་ཚད་མངོན་འགྱུར་བྱུང་ཚུན་ཉིང་ཁྲི་གྲོང་ཁྱེར་གྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་རིམས་འགོག་གི་གྲུབ་འབྲས་བརྟན་དུ་བཏང་བ་དང་ཆབས་ཅིག དོ་དམ་དང་ཞབས་ཞུ་ལེགས་སུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྒྱུན་རྣམ་སླར་གསོ་ཡོང་བར་སྐུལ་འདེད་བཏང་ཡོད། ལས་ཐོན་བསྐྱར་ཚུགས་ཐད་ཞབས་ཞུའི་ཆེད་དམིགས་ཚོགས་ཆུང་བཙུགས་ནས“ཉིན་རེར་བཀོད་གཏོང་རེར”ཤུགས་སྣོན་རྒྱག་པ་དང་དཀའ་ངལ་དངོས་ཐག་གཅོད་བྱས་ཏེ་སྲིད་གཞུང་དང་ཁེ་ལས་ཕྱོགས་མང་པོའི་འབད་བརྩོན་འོག་ཁྲོན་བོད་ལྕགས་ལམ(ཉིང་ཁྲི་དུམ་བུ)སོགས་གཙོ་གནད་རྣམ་གྲངས་རིམས་ནད་ཐོན་ཚུན་ལས་མཚམས་བཞག་མེད་པ་དང་། ཟླ་9ཚེས་17ཉིན་བར། གྲོང་ཁྱེར་ཡོངས་སུ་རྣམ་གྲངས་251ལས་འགོ་ཚུགས་ནས་ལས་འགོ་བསྐྱར་དུ་འཛུགས་ཚད་77.9%ཟིན་པ། གྲོང་ཁྱེར་ཡོངས་ཀྱི་གཞི་ཁྱོན་ཆེ་བའི་བཟོ་ལས་ཁེ་ལས་15ཡི་ཁྲོད་ནས་13ཐོན་སྐྱེད་གཉེར་སྐྱོང་སླར་གསོ་བྱུང་ཡོད། ཚོང་ཁང་དང་ཁྲོམ་ར་སླར་གསོ་བྱེད་པའི་ཐད། སྔ་རྗེས་སུ་ཁྲོམ་རའི་བྱེད་པོ་སྣ་ཚོགས་ཁག་ཐེངས་གསུམ་ལ་བགོས་ནས་སྒོ་ཕྱེ་ཞིང་། ད་ལྟ་ཞིང་ཞོར་ཐོན་རྫས་ཉོ་ཚོང་ཚོང་ཁང་དང་། བཟའ་བཏུང་ཞབས་ཞུ། གསོལ་མགྲོན་ཁང་དང་མགྲོན་ཁང་སོགས་ཁྲོམ་རའི་བྱེད་པོ་ཚང་མ་གཉེར་སྐྱོང་སླར་གསོ་བྱས་པ་དང་། སྲིད་གཞུང་གི་དམངས་ཕན་ཞབས་ཞུའི་སྒྲིག་གཞི་དང་དངུལ་རྩའི་ལས་གཉེར་ས་ཚིགས་སྣ་ཚོགས་ཚང་མ་རྒྱུན་གཏན་གྱི་གཉེར་སྐྱོང་སླར་གསོ་བྱས་ཡོད། ཚོང་དོན་སྡེ་ཚན་གྱིས་ཉིང་ཁྲི་གྲོང་ཁྱེར་གྱི“ཟླ་གཉིས”དམངས་ཕན་འཛད་སྤྱོད་སྐུལ་གཏོང་བྱེད་སྒོ་སྤེལ་ནས་སྒོར་ཁྲི་50ལྷག་ཙམ་རི་བའི་འཛད་སྤྱོད་འཛིན་ཤོག་སྤྲད་པ་མ་ཟད། རྫོང(ཆུས)ཁག་གིས་ཀྱང་འཛད་སྤྱོད་སྐུལ་གཏོང་བྱེད་སྒོ་སྔ་རྗེས་སུ་སྤེལ་ནས་གྲོང་མིའི་འཛད་སྤྱོད་ཀྱི་སྒུལ་ཤུགས་ཆེ་རུ་བཏང་བ། ཆ་རྐྱེན་དང་མཐུན་པའི་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་ཆུང་ཕྲན་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་1250ལ་ཁང་གླ་སྒོར་ཁྲི་3298རྩ་ཆག་དང་ཆག་ཡང་བཏང་ཡོད། སློབ་འགོ་འཛུགས་པ་དང་སློབ་ཁྲིད་སླར་གསོ་བྱེད་པའི་ཐད། ཆ་རྐྱེན་འཛོམས་རིགས་ལ་དུས་ཐོག་ཏུ་སློབ་ཁྲིད་སླར་གསོ་བྱ་རྒྱུ་སྒྲིག་འཛུགས་བྱས་ནས་སློབ་འགོ་ཚུགས་ཤིང་། ཟླ་9ཚེས་17ཉིན་བར་གྲོང་ཁྱེར་ཡོངས་སུ་སློབ་འགོ་ཚུགས་པའི་སློབ་གྲྭ་ཁྱོན་95ཡོད་པར་སློབ་མ་6100བདེ་བླག་ངང་སློབ་གྲྭར་ལོག་པ་རེད། ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ཐད། “ཤ་ཚལ་སྒོང་གསུམ”མཁོ་སྤྲོད་འགན་ལེན་གྱི་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས་སྟོན་བསྡུའི་ལས་དོན་དུས་ཐོག་ཏུ་བསྒྲུབས་པ་དང་། དགུན་འདེབས་དངོས་ཟོག་སྔ་སྣུར་དུ་གྲབས་གསོག་ཡག་པོ་བྱས་པ། གྲོང་ཁྱེར་ཡོངས་ཀྱི་འབྲུ་རིགས་སྐྱེ་དངོས་ཀྱི་སྟོན་བསྡུའི་རྒྱ་ཁྱོན་མུའུ་ཁྲི་28ལྷག་ཙམ་ཟིན་པ་དང་དགུན་འདེབས་རྒྱ་ཁྱོན་མུའུ་ཁྲི་15ལྷག་ཙམ་ཟིན་པ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། ཤར་བགྲོད་འགན་ལེན་བྱེད་པའི་ཐད། ཟོག་འདྲེན་ཟོག་འགྲེམས་ཀྱི་གནས་གཉིས་ཐད་ཀར་རྩིས་སྤྲོད་རྩིས་ལེན་གྱི་ཞབས་ཞུ་འགན་ལེན་ལ་ཤུགས་སྣོན་བརྒྱབ་པ་དང་། གྲོང་ཁུལ་གཙོ་བོའི་སྤྱི་སྤྱོད་རླངས་འཁོར་དང་། གྲོང་ཁྱེར་སྐོར་སྐྱོད་ཀྱི་བདལ་གཏོང་རླངས་འཁོར། རྫོང་དབར་གྱི་འགྲུལ་སྐྱེལ་ལམ་ཐིག་བཅས་སླར་གསོ་ཐུབ་ཡོད།

    “རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ་དེ་མཐར་གཏུག་མི་སེར་གྱི་གཟུགས་གཞི་བདེ་ཐང་དང་ཐོན་སྐྱེད་དང་འཚོ་བ་ལེགས་སུ་གཏོང་བའི་ཐད་གཞོལ་དགོས། ང་ཚོས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ལས་བརྟན་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་པ་དང་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་གཙོ་གནད་ཐོག་ཡག་པོ་སྒྲུབ་པ་དང་ཆབས་ཅིག དེ་རྗེས་ཀྱི་ཨར་ལས་དུས་ཚོད་ལྷག་མ་དམ་འཛིན་ནན་པོ་བྱས་ཏེ་མི་སེར་ལས་ཐོན་བསྐྱར་ཚུགས་ནང་རྒྱ་ཁྱབ་ཞུགས་རྒྱུའི་ལྕག་སྐུལ་དང་སྒྲིག་འཛུགས་བྱས་ཏེ་མི་སེར་གྱི་ཡོང་འབབ་རྒྱུན་ཆད་མེད་པར་མང་དུ་གཏོང་རྒྱུ་ཡིན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྲིད་གཞུང་དང་སྡེ་ཚན་གྱིས་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཞིང་འབྲོག་ཐོན་རྫས་སྣ་ཚོགས་ཕྱིར་ཚོང་གི་ཐབས་ལམ་ཡངས་སུ་བཏང་སྟེ་རྒྱ་ཆེའི་ཞིང་འབྲོག་པ་རྣམས་ལ་ཞིང་འབྲོག་ཐོན་རྫས་ཕྱིར་ཚོང་བྱེད་མཁན་ཡག་པོ་ཞིག་བྱས་ནས་མི་སེར་ལ་ལས་ཐོན་བསྐྱར་ཚུགས་ཁྲོད་ནས་ཕན་པ་དེ་བས་མང་བ་ཐོབ་པ་བྱ་རྒྱུ་ཡིན”ཞེས་ཧྥུའུ་ཡུང་པོས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།