དབུ་ཤོག>ཆེད་སྒྲིག
  • མཐའ་མཚམས་སུ་གཞིས་ཚུགས་ནས་རྒྱལ་ཁབ་ཀྱི་ས་ཆ་སྲུང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཀྲང་ཡུས།   |     སྤེལ་དུས།  2022-09-20

    “ལོ་བཅུ་པོ་འདིའི་རིང་བོད་དུ་མཐའ་མཚམས་འཕེལ་རྒྱས་དང་། མཐའ་སྲུང་སྲ་བརྟན། མཐའ་མཚམས་བདེ་འཇགས་བཅས་བྱུང་ཡོད”འདི་ལོའི་ཟླ་8ཚེས་2ཉིན་འཚོགས་པའི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི“ཀྲུང་གོའི་ལོ་བཅུ་པོ་འདི•བོད་ལྗོངས”ཞེས་པའི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོགརང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཡོངས་བསྒྲགས་གཙོ་བོ་གནང་བ་དང་སྨྱན་སྦྱོར་གྱི་གསར་འགོད་པའི་དྲི་བར་ལན་བསྐྱོན་སྐབས“ལོ་བཅུ་པོ་འདིའི་རིང་བོད་ཀྱི་མཐའ་མཚམས་འཕེལ་རྒྱས་དང་། མཐའ་སྲུང་སྲ་བརྟན། མཐའ་མཚམས་བདེ་འཇགས་བཅས་བྱུང་ཡོད། མཐའ་བརྟན་གྱི་འཕྲལ་མཁོ་དང་མཐའ་མཚམས་མང་ཚོགས་ཀྱི་རེ་སྒུག་ཐག་གཅོད་བྱེད་རྒྱུ་དེ་འཇུག་གཞི་དང་ཚད་བརྒལ་བྱེད་སར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོའི་ཡུལ་མི་མི་རེའི་ཆ་སྙོམས་ཁ་གསབ་རོགས་སྐྱོར་ཚད་གཞི་སྒོར་ཁྲི་1.26བར་མཐོ་རུ་བཏང་ཡོད། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་བྱ་སྤྱོད་ལག་བསྟར་གཏིང་ཟབ་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་624བསྐྲུན་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་མཐའ་མཚམས་སུ་གཞིས་ཚུགས་པ་དང་མཐའ་མཚམས་འཛུགས་སྐྲུན་བྱས་ཏེ“ཏང་གི་འོད་སྟོང་མཐའ་མཚམས་སུ་འཕྲོ་བ་དང་མཐའ་མཚམས་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས་པའི”གསོན་ཉམས་དོད་པའི་ལེའུ་བརྩམས་ཡོད”ཅེས་གསུངས་པ་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྟོབས་དམངས་ཕྱུག་གི་རྣམ་བཤད་གལ་ཆེན་གྱི་ཁྲིད་སྟོན་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར། རྒྱལ་ཡོངས་ཀྱི་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག་དང་། དེ་བཞིན་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་བོད་ཀྱི་མཐའ་མཚམས་ས་ཁུལ་གྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་སྟེ། སྤྱི་ལེ་4000ལྷག་ཙམ་ཡོད་པའི་གངས་ལྗོངས་ས་མཐོའི་མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོར་ལས་བྱེད་པ་དང་མང་ཚོགས་ཁྲི་སྟོང་མང་པོས་མཐའ་མཚམས་སུ་གཞིས་ཚུགས་ཏེ་ས་སྲུང་རྒྱལ་སྲུང་གི་སྲ་ཞིང་བརྟན་པའི་མཁར་རྫོང་ཞིག་བསྐྲུན་པ་དང་། སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་མཐའ་དར་དམངས་ཕྱུག་གི་བཀྲག་མདངས་འཚེར་བའི་མཛེས་ལྗོངས་ཤིག་ཆགས་ཡོད།

    ཉེན་རྟོག་པ་དང་མི་དམངས་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་མཐའ་མཚམས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་མཉམ་དུ་བསྐྲུན་པ།

    ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དེ་རི་བོ་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པ་དང་དེ་གར་རི་བོ་མཐོ་ལ་ནགས་ཚལ་སྟུག་པ་དང་རོང་གཟར་ལ་ཤུར་རིང་པོ་ཞིག་ཡོད། ཉེ་བའི་ལོ་ཤས་རིང་ཡུལ་སྨད་ཤང་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་དེ་སྔའི་དུད་ཚང་1གི་མི་གྲངས་3ནས་ད་ལྟ་དུད་ཚང་67གྱི་མི་གྲངས་240བར་མང་དུ་ཕྱིན་པ་དང་ས་སྲུང་མཐའ་བརྟན་གྱི་དཔུང་ཁག་ཀྱང་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ཡོད།

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་མི་རིགས་ཁག་གི་མང་ཚོགས་ཚོས་མཐའ་མཚམས་སུ་གཞི་ཚུགས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྲུང་བ། ཕ་ཡུལ་འཛུགས་སྐྲུན་བཅས་བྱེད་རྒྱུའི་སྐུལ་ལྕག་བྱེད་དགོས་པའི་ནན་བཤད་གནང་བ་རེད། ལོ་མང་རིང་ཡུལ་སྨད་ཤང་གིས་དམག་དཔུང་འདུས་སྡོད་དང་དམངས་སེམས་བདེ་འགོད་མཉམ་དུ་འཛིན་པ་དང་མཐའ་བརྟན་མཐའ་དར་གལ་ཆེ་མཉམ་དུ་འཛིན་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ཏང་སྲིད་དམག་ཉེན་དམངས་ཀྱི་མཉམ་ཤུགས་ལ་བརྟེན་ནས་མཐའ་སྟོབས་མཐའ་བརྟན་ཡོང་བའི་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། མཐའ་མཚམས་མང་ཚོགས་སྒྲིག་འཛུགས་བྱས་ནས“མི་སྣ་ལྔའི”དཔུང་ཁག་བཙུགས་པ། མཐའ་མཚམས་ཀྱི་མདུན་ཕྱོགས་སུ་རྒྱུན་རྣམ་ཅན་གྱི་བརྟག་དཔྱད་བརྟག་ཞིབ་བྱས་པ། གྲོང་དཔོན་དང་། ཤང་ཀྲང་། སུའོ་ཀྲང་བཅས་ཕྱོགས་གསུམ་པོས་མཉམ་འབྲེལ་ཐོག་དོ་དམ་ཚོད་འཛིན་གྱི་བྱ་ཐབས་ཁྱབ་གདལ་བཏང་བས། མང་ཚོགས་ཀྱི་ས་སྲུང་མཐའ་སྲུང་གི་གཏིང་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

    ཡུལ་སྨད་ཤང་ཙམ་དུ་མ་ཟད། སྒར་རྫོང་བཀྲ་ཤིས་སྒང་ཤང་དང་། གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ། སྨན་གླིང་རྫོང་གཏམ་སྙན་ཤང་སོགས་མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོར་མི་ཚང་མས་སོ་དམག་བྱེད་པ་དང་། དུད་ཚང་ཚང་མ་སོ་ལྟ་ཁང་བྱེད་པ། གྲོང་ཚོ་ཚང་མ་མཁར་རྫོང་བྱེད་པ། ཐོན་སྐྱེད་ལས་སྒྲུབ་བྱེད་པ། ཕྱུགས་འཚོས་སྐོར་གཡེང་བྱེད་པ་བཅས་ཀྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ཡོད། མཐའ་མཚམས་མང་ཚོགས་ཀྱིས་ཕྱུགས་འཚོས་ནས་མཐའ་མཚམས་སྲུང་བའི་རྣམ་པའི་ཐོག་ནས་རྒྱལ་གཅེས་བསམ་པ་མཚོན་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་མེས་རྒྱལ་མཐའ་མཚམས་ཀྱི་རི་ཆུ་ཀླུང་གསུམ་བསྲུངས་ཡོད།

    ཐོན་ལས་ཀྱིས་སྣེ་ཁྲིད་དེ་མཐའ་མཚམས་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་པ།

    བོད་ཀྱི་མཐའ་མཚམས་ས་ཁུལ་འཕེལ་རྒྱས་ཡག་པོ་བྱུང་མིན་དང་ཐོན་ལས་ལ་བརྟེན་ནས་མཐའ་མཚམས་མི་སེར་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་གང་འདྲ་བྱུང་མིན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་གནང་བའི་གནད་དོན་ཞིག་རེད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་དམིགས་བསལ་གྱི་རྒྱབ་སྐྱོར་སྲིད་ཇུས་སྤྱད་དེ་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རོགས་བྱེད་པ་དང་ཁོང་ཚོའི་མ་འོངས་ཀྱི་སེམས་ཁྲལ་སེལ་རོགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཉེ་བའི་ལོ་ཤས་རིང་། གམ་པའི་ལུག་ཤའི་ལེགས་ཆར་བརྟེན་ནས་ཁྲོམ་རའི་ཐོག་བྲིན་ཁ་རྒྱུག་པོ་བྱུང་ཡོད། གམ་པའི་ལུག་གསོ་ཚགས་བྱ་རྒྱུ་དེ་ཡང་རིམ་བཞིན་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་དང་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་ཁྲིད་བྱེད་པའི“གསེར་གྱི་ལྡེ་མིག”ལྟ་བུར་གྱུར་ཡོད།

    སྨོན་སྡེ་གྲོང་ཚོའི་བཤས་ལུག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་ནི་གམ་པ་རྫོང་གི་སྒྲིག་འཛུགས་ཅན་དང་ཚད་ལྡན་ཅན་གྱི་སྐྱེ་འཕེལ་དང་རྒྱུད་སྲུང་མཉམ་ལས་ཁང་ཞིག་རེད། 2018ལོར་གཉེར་སྐྱོང་བྱས་པ་ནས་བཟུང་མཉམ་ལས་ཁང་གི་ཀྲི་པུའུ་ཡིས་སྣེ་ཁྲིད་བྱེད་པ་དང་ཏང་ཡོན་གྱིས་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས“གྲོང་ཚོའི་མཉམ་སྡེབ་དང་། ཏང་ཀྲི་པུའུ། མཉམ་ལས་ཁང་། ཁོངས་མི་བཅས་ཟུང་དུ་འབྲེལ་བའི”འཕེལ་རྒྱས་གཏོང་སྟངས་ཁྱབ་གདལ་བཏང་བ་བརྒྱུད་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱིས་འབབ་འཕར་ཕྱུག་འགྱུར་གྱི་རེ་བ་མཐོང་ནས་མིག་སྔར་གྲོང་ཚོ་ཡོངས་ཀྱི་གྲོང་མི་ཚང་མ་མཉམ་ལས་ཁང་ནང་ཞུགས་ཡོད།

    མིག་སྔར། གམ་པ་རྫོང་གིས་བཤས་ལུག་གསོ་ཚགས་མཉམ་ལས་ཁང་གི་ཚང་གསོས་རྟེན་གཞི་19གསར་སྐྲུན་བྱས་པ་དང་རྟེན་གཞི་8སྒྱུར་བཀོད་རིམ་སྤོར་བྱས་ཡོད། དེ་དང་ཆབས་ཅིག་སྲིད་འཛིན་གྲོང་ཚོ་29ཡི་དུད་ཚང་2368ཀྱི་མི་10135ཚང་མ་ས་གནས་དེ་གའི་གམ་པའི་ལུག་མཉམ་ལས་ཁང་ནང་ཞུགས་ནས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་། ཞིང་འབྲོག་པའི་ཏང་ཡོན། མཐར་ལུས་དུད་ཚང་། དབང་པོ་སྐྱོན་ཅན་བཅས་མཉམ་ལས་ཁང་དུ་ཞུགས་ཚད་100%ཟིན་ཡོད།

    གྲོང་གསེབ་དར་རྒྱས་བཏང་ནས་མཐའ་མཚམས་འབྱོར་འབྲིང་གི་བདེ་སྐྱིད་ལམ་བུ་བཏོད་པ།

    ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་ཚལ་ཁྲོབ་གྲོང་ཚོར་སྐྱོད་སྐབས་གཙང་སྦྲ་དོད་པའི་གྲོང་ཚོའི་ལམ་བུས་དུད་ཁྱིམ་མང་པོ་གཅིག་ཏུ་འབྲེལ་ཡོད། མི་རིགས་ཁྱད་ལྡན་ཁང་པ་གཞུང་ལམ་གཡས་གཡོན་དུ་སྟར་པ་འགྲིག་པ་དང་ཁང་སྟེང་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་མཐའ་མཚམས་ས་ཁུལ་གྱི་བཀྲག་མདངས་འཚེར་བའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།

    “བདེ་སྐྱིད་ལྡན་པའི་འཚོ་བ་དེ་ལྟ་བུ་སྔོན་ཆད་བསམ་མི་ཕོད་པ་ཞིག་རེད”ཅེས་ཚལ་ཁྲོབ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྟག་པོས་བརྗོད་བྱུང་།

    2011ལོར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་འཁུར་ཚུན་སྟག་པོས་ཐབས་བརྒྱ་ཇུས་སྟོང་བཏོན་ནས་གྲོང་མིར་ཕྱུག་འགྱུར་ཐབས་ལམ་དོན་གཉེར་བྱས་ཡོད། རི་སྔོ་ཆུ་དྭངས་ཀྱི་ཐོན་ཁུངས་དང་ཁྱད་འཕགས་ཀྱི་ལྷོ་པ་རིགས་ཀྱི་དམངས་སྲོལ་རིག་གནས་སྔོག་འདོན་བྱས་པ་བརྒྱུད་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཡུལ་སྐོར་གྲོང་དར་ལམ་བུ་ཞིག་འཚོལ་ཞིབ་ཐུབ་ཡོད།

    ཉེ་བའི་ལོ་ཤས་རིང་ཚལ་ཁྲོབ་གྲོང་ཚོས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་433གྲབས་གསོག་བྱས་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལྷོ་པ་རི་གྲོང་དང་། ལྷོ་པའི་འགྲུལ་ཁང་། ལྷོ་པའི་དམངས་སྲོལ་ཞིང་པའི་སྤྲོ་སྐྱིད་ཁང་སོགས་བཙུགས་ཏེ་གྲོང་མིར་ལས་ཞུགས་ལས་གནས་མཁོ་འདོན་བྱས་པ་དང་། མ་དངུལ་གྲབས་གསོག་ཧུར་ཐག་བྱས་ནས་ལྷོ་པ་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ནས་ཞིང་དུད་ཀྱིས་ཞིང་པའི་སྤྲོ་སྐྱིད་ཁང་འཕེལ་རྒྱས་གཏོང་བ་དང་ཡུལ་སྐོར་ཚོང་ཁང་གཉེར་རྒྱུར་ཁྲིད་སྟོན་བྱས་པ། ཡུལ་མི་སྤུན་ཟླ་ཚོའི་སྣེ་ཁྲིད་དེ་ཡུལ་སྐོར་དྲན་རྟེན་དངོས་རྫས་ལས་སྣོན་ཞིབ་ཚགས་བྱས་པས་མི་རེར་ཆ་སྙོམས་འབབ་འཕར་སྒོར་6000ལྷག་ཙམ་བྱུང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་བ། མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་དམངས་འཚོའི་གནད་དོན་ལ་དེ་བས་དམིགས་པ། ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས། རྒན་གསོ། བུ་བཅོལ་ཁང་། སྡོད་ཁང་སོགས་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ། བྱ་བ་རེ་རེ་བཞིན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་ཐོབ་སྣང་སྔར་ལས་མང་བ་དང་། སྐྱིད་སྣང་སྔར་ལས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སེམས་སྔར་ལས་འགན་ལེན་ཐུབ་པ་བཅས་བྱེད་དགོས་པའི་ནན་བཤད་གནང་ཡོད།

    ཉེ་བའི་ལོ་ཤས་རིང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་འོག་མཐའ་མཚམས་ས་ཁུལ་གྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད།

    ཆུ་མཁོ་འདོན་ཐད་མཐའ་མཚམས་རྫོང་གྲོང་21གི་སྤྱི་པའི་ཆུ་མཁོ་འདོན་ཁྱབ་ཚད་84.5%ཟིན་པ་དང་། མཐའ་མཚམས་རྫོང་གྲོང་17དུ་བཙོག་ཆུ་གཙང་གསིང་སྒྲིག་ཆས་བསྐྲུན་ནས་བཙོག་ཆུ་གཙང་གསིང་བྱེད་ཚད་80%ཡན་ཟིན་པ་དང་།

    འཕྲིན་གཏོང་ཐད་སྒྲིག་ཚུད་གྲོང་ཚོར་འོད་སྐུད་ཤར་གཏོང་ཐུབ་ཚད་དང་4Gབརྡ་རྟགས་ཁྱབ་ཚད་99%ཡན་ཟིན་པ།

    འགྲོ་ལམ་ཐད་མཐའ་མཚམས་ཀྱི་ཤང་གྲོང་དང་སྒྲིག་ཚུད་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ།

    གློག་མཁོ་འདོན་ཐད་གློག་དྲ་གཙོ་བོ་མཐའ་མཚམས་ཀྱི་ཤང་དང་གྲོང་རྡལ་ཚང་མར་ཁྲིད་པ་སོགས་སོ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་བོད་ཀྱི་མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆུ་ཚད་ཇེ་མཐོར་སོང་བ་དང་། མཐའ་མཚམས་ས་ཁུལ་འཕེལ་རྒྱས་འགྲོ་དང་འགྲོ་བཞིན་པ། མི་སེར་གྱི་འཚོ་བ་བདེ་སྐྱིད་ཕུན་སུམ་ཚོགས་པ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་མཐའ་མཚམས་དར་རྒྱས་དང་། བརྟན་ལྷིང་། སྲ་བརྟན་གྱི་བྱ་སྤྱོད་ཏན་ཏིག་ལ་བརྟེན་ནས་མེས་རྒྱལ་གྱི་མཐའ་མཚམས་སྲུང་སྐྱོང་ཡག་པོ་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།