འདི་ནི་ཁེ་སྨད་སྡེ་ཁུལ་གྱི་མང་ཚོགས་ཚོས་སྨན་ཐུམ་བརྒྱབ་ཟིན་པའི་སོན་བཟང་རྩྭ་རས་ནང་བླུག་བཞིན་པ།
འདི་ནི་ཁེ་སྨད་སྡེ་ཁུལ་གྱི་མང་ཚོགས་ཚོས་སོན་བཟང་འདེམས་བཞིན་པ།
“འདི་ལོའི་སོན་བཟང་གི་མངགས་ཐོ་མང་དུ་ཕྱིན་པས་ང་ཚོས་དུས་ཚོད་དམ་འཛིན་གྱིས་སོན་བཟང་ལེགས་སྒྲུག་བརྒྱབ་ནས་སྨན་ཐུམ་རྒྱག་དགོས”ཟླ་9ཚེས་14ཉིན་གྱི་ཕྱི་དྲོ། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་སྨད་སྡེ་ཁུལ་གྱི་སྒོ་རར་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་ཀྱིས་འབྲུ་རིགས་ལ་ཞིབ་བཤེར་བྱེད་ཞོར་དུ་སོན་བཟང་ལ་སྨན་ཐུམ་རྒྱག་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྒྲིག་འཛུགས་བྱེད་བཞིན་ཡོད། རྒྱལ་སྒོའི་ཕྱིར་ད་དུང་གྲོ་བྱུར་བུར་བླུགས་པའི་འདྲུད་འཐེན་འཕྲུལ་འཁོར་ཁ་ཤས་བང་བསྒྲིགས་ནས་སྒུག་བཞིན་ཡོད།
ཁེ་སྨད་སྡེ་ཁུལ་ནི་བོད་ལྗོངས་ལྷོ་ཁའི་གྲོང་ཁྱེར་རིམ་པའི་སོན་བཟང་གསོ་སྤེལ་རྟེན་གཞི་ཞིག་ཡིན་ཞིང་། 2011ལོ་ཚུན་དུ་ཁེ་སྨད་སྡེ་ཁུལ་གྱིས་མང་ཚོགས་ལ་སྐུལ་སློང་ཧུར་ཐག་བྱས་ཏེ་སོན་བཟང་གསོ་སྤེལ་ཐོན་ལས་འཕེལ་རྒྱས་བཏང་བ་དང་། 2015ལོར་བོད་ལྷོའི་གཤོང་སའི་ཚན་རྩལ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་སོན་བཟང་གསོ་སྤེལ་ཐོན་སྐྱེད་དང་ཕྱིར་ཚོང་བྱས་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཡོད།
བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཞིང་ལས་ལག་རྩལ་ཁྱབ་གདལ་ལྟེ་གནས་ཀྱི་ས་ཚིགས་སུ་བཅའ་སྡོད་ལག་རྩལ་པ་ཀུན་བཟང་སྒྲོལ་མས་གསར་འགོད་པར“སོན་ནི་འབྲུ་རིགས་བདེ་འཇགས་ཀྱི་འགག་རྩ་ཡིན་པས། ང་ཚོས་ཆེད་ལས་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ཏེ་ཞིང་ནང་དང་མུ་ཁར་བསྐྱོད་ནས་ཐོན་སྐྱེད་མ་བྱས་གོང་དང་། ཐོན་སྐྱེད་བྱེད་རིང་། ཐོན་སྐྱེད་བྱས་རྗེས་བཅས་ལ་ལག་རྩལ་གྱི་མཛུབ་ཁྲིད་བྱེད་ཀྱི་ཡོད། ཉེ་དུས་ང་ཚོས་སོན་བཟང་ཚན་རིག་དང་མཐུན་ཞིང་ཚད་ལྡན་ངང་ལེགས་འདེམས་ཀྱིས་སྨན་ཐུམ་བརྒྱབ་ནས་མངགས་ཐོ་ལྟར་ལྷོ་ཁ་གྲོང་ཁྱེར་གྱི་ཡར་ཀླུང་གཙང་པོའི་རྒྱུད་ཀྱི་རྫོང་དང་ཆུས་6དང་། ལྗོངས་ནང་ཁུལ་གྱི་གྲོང་ཁྱེར་དང་ས་ཁུལ་གཞན་དག་ལ་འཚོང་གི་ཡོད”ཅེས་བཤད།
གྲོང་མི་པ་སངས་ཀྱིས“ང་ཚོའི་སྡེ་ཁུལ་གྱི་སོན་བཟང་གི་སྤུས་ཀ་ལེགས་ལ་ཚོང་ལམ་ཡང་བརྟན་པོ་ཡོད། འདི་ལོ་སྔོན་དཔག་བྱས་ན་སོན་བཟང་རྒྱ་མ་ཁྲི་63ལྷག་ཙམ་བཙོངས་ནས་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་200ལྷག་ཙམ་ཟིན་རྒྱུ་རེད། འདི་ལོ་མ་གཞི་རིམས་ནད་ཀྱིས་རྐྱེན་པས“སྟོན་གསུམ”ལས་དོན་ལ་དཀའ་ངལ་ཅུང་ཟད་འཕྲད་མོད། འོན་ཀྱང་རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། འབྲེལ་ཡོད་སྡེ་ཚན་བཅས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་མང་ཚོགས་ཀྱི་འབྲུ་རིགས་ཐོན་འབབ་ལ་ཤུགས་རྐྱེན་ཐེབས་མེད་པ་མ་ཟད། སོན་བཟང་ལ་སྨན་ཐུམ་རྒྱག་པ་དང་སོན་བཟང་འཚོང་བའི་དུད་ཚང་ཚང་མའི་ཧུར་སེམས་སྔར་བཞིན་ཆེན་པོ་འདུག་ཅེས་ངོ་སྤྲོད་བྱས།
རིམས་འགོག་བྱ་ཐབས་དོན་འཁྱོལ་བྱ་ཆེད། འདི་ལོ་ཁེ་སྨད་སྡེ་ཁུལ་གྱིས་དུད་སྦྲེལ་ཚན་པར་བྱས་ནས་དུད་ཚང་རེར་མི་རེ་བཀོད་སྒྲིག་བྱས་ཏེ། མི་སྒེར་གྱི་འགོག་སྲུང་དང་ཕན་ཚུན་བར་ཐག་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པའི་སྔོན་འགྲོའི་འོག་ཁག་ཐེངས་ཕྱེ་ནས་སོན་ལ་སྨན་ཐུམ་བརྒྱབ་ཡོད། དེ་ལྟར་མི་སྣ་འདུ་འཛོམས་བྱེད་མི་དགོས་པའི་ཁར་ཞིང་ལས་ཐོན་སྐྱེད་ལའང་འཐུས་ཤོར་བྱུང་མེད།
སོན་ལ་སྨན་ཐུམ་རྒྱག་སར་མང་ཚོགས་ཚོས་རང་ཉིད་ཀྱི་སོན་བཟང་འཁྱེར་ཡོང་ནས་འདེམས་སྒྲུག་དང་། སྨན་ཐུམ་རྒྱག་པ། རྩྭ་རས་ནང་བླུགས་པ། རྒྱ་མར་འདེགས་པ། ཐོ་འགོད་པ་སོགས་ཀྱི་ལས་རིམ་ཁག་ལེགས་སྒྲུབ་ཟིན་རྗེས་རང་ཁྱིམ་གྱི་འདྲུད་འཐེན་འཕྲུལ་འཁོར་བཏང་ནས་བློ་ཡིད་ཚིམ་པོས་ལོག་འགྲོ་གི་ཡོད། སྡེ་ཁུལ་གྱི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི། ཏང་ཡོན་དང་བླངས་པ་བཅས་ཀྱིས་སྨན་ཐུམ་བརྒྱབ་ཟིན་པའི་གྲོ་སོན་དག་སྣ་ཁ་དང་ཁག་ཐེངས་མི་འདྲ་བར་ཕྱེ་ནས་གྲལ་འགྲིག་པོར་བཞག་ཡོད།
ཁེ་སྨད་སྡེ་ཁུལ་གྱི་གྲོང་མི་སྤེན་པས“ད་ཆ་ང་ཚོའི་སྡེ་ཁུལ་གྱི་སོན་བཟང་གསོ་སྤེལ་ཐད་རྨོད་འདེབས་བསྡུ་གསུམ་ཚང་མ་འཕྲུལ་ཆས་ཅན་དུ་བསྒྱུར་བས་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་ཕྱིན་ཡོད་ལ་ཡོང་འབབ་ཀྱང་འགན་ལེན་ཐུབ་ཡོད། མ་ཟད་ཐན་པ་དང་ཞོད་སྐྱོན་སོགས་བསམ་ཡུལ་ལས་འདས་པའི་རང་བྱུང་གནོད་འཚེ་གང་ཐོན་རུང་ལོ་ཏོག་སྔར་བཞིན་བསྡུ་ཐུབ་ཀྱི་ཡོད”ཅེས་བཤད།