དབུ་ཤོག>ཆེད་སྒྲིག
  • ལྷ་སའི་འགོ་ཁྲིད་ཀྱིས་སྙིང་ཐག་པ་ནས་དགོངས་དག་ཐུགས་བདེན་ཞུས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-09-18

    མིག་སྔར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་རྩའི་དུས་མཚམས་སུ། ང་ཚོའི་ལས་དོན་ལ་གྲ་སྒྲིག་ཡག་པོ་མ་བྱུང་བ་དང་། འཇོན་ཐང་ཆེན་པ་མེད་པ། ཁ་གཏད་ཡག་པོ་གཅོག་མི་ཐུབ། ལག་ལེན་བསྟར་ཤུགས་མི་འདང་བ་བཅས་ཀྱི་སྐྱོན་དང་ཞན་ཆ་མངོན་ཡོད་པ་དཔེར་ན། དུས་འགོའི་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་འཇོན་ཐང་ཆུང་བས། ས་ཁོངས་ཁག་གཅིག་གི་ཉིང་སྐྱུར་གྲལ་བཤེར་གནད་འཁེལ་མ་བྱུང་བ་དང་། ཁག་གཅིག་གི་བརྟག་དཔྱད་འབྲས་བུ་དུས་ཐོག་ཏུ་བཏོན་མ་ཐུབ་པ། བརྟག་དཔྱད་འབྲས་བུ་རེ་གཉིས་ཏག་ཏག་མ་བསྡད་པ་བཅས་ཀྱི་གནས་ཚུལ་ཐོན་ཡོད། སྒྱུར་སྐྱེལ་རྩ་འཛུགས་ཀྱི་ལས་ཕྱོད་ཆེན་པོ་མེད་པ་དང་བཤེར་རྟགས་དུས་ཐོག་ཏུ་སྤྲོད་མ་ཐུབ་པའི་དབང་གིས། མང་ཚོགས་ཁག་གཅིག་སྒྱུར་སྐྱེལ་སྒུག་ཡུན་རིང་དྲགས་པ་དང་། སྒྱུར་སྐྱེལ་བྱེད་དགོས་ངེས་ཡིན་པའི་ཐོག་མའི་གྲལ་བཤེར་གདགས་གཤིས་ཅན་ཁག་གཅིག་སྒྱུར་སྐྱེལ་ལ་དོགས་པ་སྐྱེས་པ། གྲོང་ཁུལ་རྙིང་པའི་བར་སྐོར་དང་། སྐྱིད་རས། རྗེ་འབུམ་སྒང་། སྐར་མ་དགོན་གསར། རྔ་ཆེན། ཉང་བྲན། ཀུན་བདེ་གླིང་སོགས་ཁྲོམ་ལམ་དུ་གསང་སྤྱོད་དང་ཆུ་ལེན་ས་གཅིག་ལས་མེད་པའི་དུད་མང་སྒོ་ར་ཆེན་པོ་དང་མི་མང་པོས་མཉམ་དུ་གླས་པའི་ཁང་ཅུང་མང་པོ་ཡོད་པས། ཕན་ཚུན་འགོས་ནས་རིམས་ནད་མ་མཆེད་སྔོན་འགོག་བྱ་ཆེད། ང་ཚོས་དུད་ཚང་མང་བའི་སྒོ་ར་ཆེན་པོ་དང་། མི་མང་པོས་མཉམ་དུ་གླས་པའི་ཁང་པར་སྡོད་མཁན་མང་ཚོགས་སྤྱི་ཡོངས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཕན་པའི་གནས་སུ་སྒྱུར་སྐྱེལ་་བྱས་པ་ཡིན། ཚབ་ཚུབ་ཏུ་བསྐྱལ་བ་དང་གསལ་བཤད་ཡག་པོ་མ་བྱུང་བའི་རྐྱེན་གྱིས། མང་ཚོགས་ཁག་གཅིག་ལ་གོ་ལོག་ཐེབས་ཡོད། ནད་པར་སྨན་བཅོས་གང་མགྱོགས་བྱ་ཆེད། སྒྲོམ་ཚང་ཁག་གཅིག་གི་སྒོ་ཚབ་ཚུབ་ཏུ་ཕྱེ་བས། ཕྱི་རོལ་ཡུལ་གྱི་ཚོད་འཛིན་ཐེབས་ནས། དུས་འགོའི་དོ་དམ་ལའང་གནད་དོན་ངེས་ཅན་གནས་ཡོད། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ཡག་པོ་མ་བྱུང་བས། འཕྲོད་བསྟེན་གཙང་སྦྲ་དང་གད་སྙིགས་གཙང་སེལ་དུས་ཐོག་ཏུ་མ་བྱུང་པའི་གནད་དོན་ལྷག་ཡོད། ཉེན་ཁ་ཆེ་འབྲིང་ཁུལ་གྱི་ཞབས་འདེགས་འགན་སྲུང་ཡག་པོ་མ་བྱུང་བས། དངོས་ཟོག་ཁག་གཅིག་དུས་ཐོག་ཏུ་མཁོ་སྤྲོད་འགན་ལེན་མ་ཐུབ་པ་དང་། ལས་དོན་པ་ཁག་གཅིག་གི་སྤྱོད་ཚུལ་ཏན་ཏིག་མེད་པས། མང་ཚོགས་ཀྱིས་བཏོན་པའི་དཀའ་ངལ་དང་བདེ་སྡུག་དུས་ཐོག་ཏུ་ཐག་གཅོད་མ་བྱུང་བ་སོགས། གནད་དོན་འདི་དག་གིས་མང་ཚོགས་ཁག་གཅིག་གི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཆེ་ཙམ་ཕོག་ཡོད་པས། ང་ཚོས་ལྷག་བསམ་ཟོལ་མེད་ངང་སྐྱོན་བརྗོད་དང་ལེན་ཞུ་གི་ཡིན། འདི་གར་ངས་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ཏེ། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་དེ་བཞིན་རིམས་ནད་ཀྱིས་རྐྱེན་པས་ལྷ་སར་ལུས་པའི་མི་རྣམས་ལ་སྙིང་ཐག་པ་ནས་དགོངས་དག་ཐུགས་བདེན་ཞུ་གི་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།